འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་27ཉིན།

༄༅།།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དང་འཕེལ་རྒྱས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལུའོ་ཧྲན་ཧྲན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་27ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཟླ་9ཚེས་4ནས་6ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཟླ་8ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཉེ་བའི་ལོ་ཤས་རིང་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དང་འཕེལ་རྒྱས་མཉམ་ལས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

     ཚོང་དོན་པུའི་པུའུ་ཀྲང་ལས་རོགས་ཐང་ཝུན་ཧུང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”དང“བྱ་སྤྱོད་ཆེན་པོ་བརྒྱད”“ལས་གྲྭ་ཁག་དགུ”བཅས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་ཕྱོགས་ཀྱི་སྡེ་ཚན་ཁག་དང་། ས་གནས་ཁག ཁེ་ལས་ཁག་བཅས་ཀྱིས་འབྲེལ་གཏུག་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད་པ་རེད།

    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་གཞི་ཁྱོན་གྱིས་མཐོ་ཚད་གསར་པ་ཡང་ཡང་བཏོད་ཅིང་། ཀྲུང་གོས་ལོ་15བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། 2023ལོར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2821ཟིན་པ་དེ་2021ལོ་ལས་11%ཙམ་འཕར་ནས་ལོ་གཉིས་བསྟུད་མར་ལོ་རྒྱུས་ཀྱི་མཐོ་ཤོས་གསར་པ་བཏོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཕྱེད་ཀ་ཙམ་དབར་གྱི་ཚོང་དོན་གྲངས་འབོར་དུས་མཚུངས་ལས་གྲངས་གནས་གཉིས་ལས་བརྒལ་ཡོད་པ་རེད།

    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མ་འཇོག་མཉམ་ལས་བརྟན་པོའི་ངང་འཕར་ཞིང་། 2023ལོའི་ལོ་མཇུག་བར། ཀྲུང་གོས་ཨ་ཧྥེ་རི་ཁར་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་400ལས་བརྒལ་བ་དང་ཨ་ཧྥེ་རི་ཁའི་ཕྱི་རྒྱལ་གྱི་མ་དངུལ་ཡོང་ཁུངས་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཡིན་པ་རེད། འདས་ཟིན་པའི་ལོ་གསུམ་ནང་། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་ལས་ཞུགས་ཀྱི་ལས་གནས་ཁྲི་110ལྷག་ཙམ་བཏོད་པ་དང་མ་དངུལ་བཏང་ནས་བསྐྲུན་པའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་ནང་ཞིང་ལས་དང་། ལས་སྣོན་བཟོ་སྐྲུན། ཚོང་དོན་ཟོག་འགྲེམས་སོགས་ལས་རིགས་ཚུད་ཡོད་པས་ཁེ་ལས་ཆིག་སྟོང་ལྷག་ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ས་གནས་དེ་གའི་ཁྲལ་འཇལ་འབབ་འཕར་དང་ཕྱི་དངུལ་འབབ་བཟོར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

     ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་དང་པོའོ་ཁི་ན་ཧྥ་སོ་པོ་པོ་སྨན་ཁང་སོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་25ལག་བསྟར་བྱས་པ་དང་། མ་ལ་ཝེ་དང་། པུ་རུན་ཏི། ཁོ་ཐེ་ཏི་ཝོར་བཅས་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་རོགས་སྐྱོར་སོགས་དབུལ་པོ་ཉུང་གཏོང་དང་ཞིང་ལས་རྣམ་གྲངས་47ལག་བསྟར་བྱས་པ། ཀག་ནར་ལ་རོགས་སྐྱོར་བྱེད་པའི་ཉ་ལས་གྲུ་ཁའི་ཕྱོགས་བསྡུས་སྒྲིག་བཀོད་དང་མོ་རི་ཐ་ཉི་ཡའི་ནོ་ཝ་ཁ་ཆོ་ཐེའི་སྣོལ་ཟམ་སོགས་ཀྱི་ཚོང་དོན་སྐུལ་འདེད་རྣམ་གྲངས་26ལག་བསྟར་བྱས་པ། མ་ཏ་ཀ་སི་ཁར་ལ་རོགས་སྐྱོར་བྱེད་པའི་གཞུང་ལམ་སོགས་བཟོ་ལས་ཅན་དང་ལས་ཞུགས་སྐུལ་འདེད་ཀྱི་རྣམ་གྲངས་11ལག་བསྟར་བྱས་པ་སོགས་རེད། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ལིའུ་ཅུན་ཧྥུང་གིས། མིག་སྔར“ལས་གྲྭ་ཁག་དགུའི”རྣམ་གྲངས་འོག་ཨ་ཧྥེ་རི་ཁར་རོགས་སྐྱོར་དང་འཕེལ་རྒྱས་མཉམ་ལས་བྱེད་པའི་རྣམ་གྲངས་ཚང་མ་དོན་འཁྱོལ་བྱས་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས་མཉམ་ལས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་པ་ཐོབ་ཡོད་ཅེས་བཤད་པ་རེད།