འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་27ཉིན།

༄༅།།ཐོན་སྐྱེད་གཉེར་སྐྱོང་ལ་བརྟན་ཁྲོད་ཡར་འཕེལ་དང་སྤུས་འབྲས་ལེགས་འཕེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་27ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་བ་དང་པོ་ནས་དྲུག་པའི་བར་ཀྲུང་དབྱང་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.4བྱུང་བ་དེ་དུས་མཚུངས་ལས་1.9%འཕར་ཞིང་། གཙང་བདག་རྒྱུ་ནོར་གྱི་ཡོང་འབབ་བྱུང་ཚད་6.9%ཟིན་པ་དང་། ལོ་འགྱུར་ལས་མི་ཡོངས་ཀྱི་ཐོན་སྐྱེད་ཀྱི་ལས་ཆོད་དང་ཞིབ་འཇུག་གསར་སྤེལ་གྱི་མ་དངུལ་གཏོང་ཚད་དུས་མཚུངས་ལས་བརྟན་པོའི་ངང་འཕར་ཏེ་ཐོན་སྐྱེད་གཉེར་སྐྱོང་ལ་བརྟན་ཁྲོད་ཡར་འཕེལ་དང་སྤུས་འབྲས་ལེགས་འཕེལ་བྱུང་ཡོད།

ད་ལོ་ནས་བཟུང་། གཞུང་རྒྱུ་ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མཉམ་དུ་འཕེལ་བ་དང་། གསར་དར་ཐོན་ལས་ཀྱི་བཀོད་སྒྲིག་བྱེད་སྟངས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ། སྲོལ་རྒྱུན་གྱི་ལེགས་ཆའི་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་མ་ཟད། ཚན་རྩལ་གསར་གཏོད་ཀྱི་ཕན་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐད་ཚད་བརྒལ་གསར་པ་བྱུང་ནས་ཁྱབ་ཁོངས་སྔར་ལས་ཆེ་བ་དང་། རིམ་པ་སྔར་ལས་མཐོ་བ། ཚད་གཞི་སྔར་ལས་ཟབ་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་དང་མཉམ་འདྲེས་བྱས་པ། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་གཏོང་མཐོར་འདེགས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་ལྟ་འདོམས་ཞབས་ཞུའི་ཕན་ནུས་སྔར་བས་ཆེ་རུ་བཏང་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ལོ་སྨད་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་དུ་བྱས་ནས་ཀྲུང་དབྱང་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན། སྤུས་ཚད་མཐོ་བའི་བརྟན་འཕར་ཡོང་བར་དམ་འཛིན་ནན་པོ་བྱས་ཏེ་གཉེར་སྐྱོང་གྲུབ་འབྲས་ཀྱི་སྤུས་ཚད་ལ་སྔར་བས་སྣང་ཆེན་བྱེད་པ་དང་། ཕན་ནུས་ལྡན་པའི་མ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་བ། རྨང་གཞིའི་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ། ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་ཆད་དངུལ་གཙང་སྤྲོད་ལ་དམ་འཛིན་ནན་པོ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། དུས་མཚུངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་གནད་སྨིན་དང་། ཧེ་བག་ཅན། དུས་ཡུན་རིང་བ་བཅས་ཀྱི་ཚན་རྩལ་གསར་གཏོད་དཔྱད་ཞིབ་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱལ་ཁབ་ཚན་རྩལ་རྣམ་གྲངས་གལ་ཆེན་གྱི་འགན་ཧུར་ཐག་འཁུར་རྒྱུར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་འགྲན་ལམ་གསར་པ་བཀོད་སྒྲིག་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བརྗོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)