འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་26ཉིན།

༄༅།།དོན་འདི་དངོས་གཞིའི་ཆེད་ལས་ལེཊ་སྒྲིག་དང་འབྲེལ་བ་ཡོད།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་26ཉིན། 14:20】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཉིན་ཤས་གོང་། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གསོ་སིས་《2024ལོའི་ལོ་འཁོར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》ཁྱབ་བསྒྲགས་བྱས་ནས། དངོས་གཞིའི་ཚན་ཁག་གི་ཆེད་ལས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཚམ་པའི་ཆེད་ལས་གྲུབ་ཆ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གྲུབ་ཆ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་པ་རེད།

《བརྡ་ཐོའི་》ནང་མཐོ་སློབ་ཀྱིས་འདུས་གྲུབ་གློག་ལམ་དང་། མིས་བཟོས་རིག་ནུས། ཚད་རྡུལ་ཚན་རྩལ། ཚེ་སྲོག་བདེ་ཐང་། ནུས་རྒྱུ། ལྗང་མདོག་ཐཱན་ཉུང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་། རྒྱལ་སྤྱིའི་ཁྱབ་སྤེལ། རྒྱལ་སྤྱིའི་རྩ་འཛུགས། དངུལ་རྩའི་ཚན་རྩལ་སོགས་འགག་རྩའི་ཁྱབ་ཁོངས་ལ་ཁ་ཕྱོགས་ནས་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣ་དང་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

མཐོ་རིམ་སློབ་གྲྭས་བཟོ་ལས་ཚན་ཁག་གསར་པ་དང་། གསོ་རིག་ཚན་ཁག་གསར་པ། ཞིང་ལས་ཚན་ཁག་གསར་པ། རིག་གནས་ཚན་ཁག་གསར་པ་བཅས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ད་ཡོད་ཆེད་ལས་བསྒྱུར་བཀོད་བྱེད་པ་དང་། སྣོལ་སྡེབ་མཉམ་འདྲེས་ཀྱི་གསར་དར་ཆེད་ལས་གསོ་སྐྱོང་བྱེད་པ། ཁྱད་ལྡན་དགེ་མཚན་ལྡན་པའི་ཆེད་ལས་ཁྱུ་ཚོགས་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

《བརྡ་ཐོའི་》ནང་ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆེད་ལས་མང་དུ་གཏོང་བའི་རྣམ་པའི་ཞིབ་བཤེར་ལས་དོན་ཡག་པོར་བསྒྲུབ་ནས། ས་གནས་དེ་གའི་དགོས་མཁོ་ཆེ་བ་དང་དེ་བཞིན་ལས་ཀར་ཞུགས་ཚད་དམའ་བའི་ཆེད་ལས་ཀྱི་ཞིབ་ཐོ་གོང་རིམ་ལ་ཕུལ་ཏེ། ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གཞན་ཡང་།《བརྡ་ཐོའི་》ནང་མཐོ་སློབ་ཀྱིས་དངོས་གཞིའི་ཚན་ཁག་གི་ཆེད་ལས་མང་དུ་གཏོང་བ་དང་། ཤེས་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་མང་དུ་གཏོང་བ། ཆེད་ལས་ཀྱི་མིང་ལེགས་སྒྲིག་བྱེད་པ། ཆེད་ལས་སློབ་གནས་སྤྲོད་པའི་རིགས་སམ་ཡང་ན་སློབ་སྦྱོང་གི་ལོ་ཚད་ལེགས་སྒྲིག་བྱེད་པ། ཆེད་ལས་མེད་པར་བཟོ་བ་སོགས་2024ལོའི་ཟླ་7ཚེས་15ཉིན་ནས་ཟླ་8ཚེས་31ཉིན་བར་གཅིག་སྡུད་ཐོག་ཐོ་འགོད་སྙན་སེང་ཞུ་བའམ་ཡང་ན། ཞིབ་བཤེར་ཆོག་མཆན་འགོད་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་ཀྱང་འཁོད་ཡོད།