འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་23ཉིན།

༄༅།།རྒྱལ་ཁབ་འདིས་གཞན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་ངོས་འཛིན་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་23ཉིན། 13:51】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་7ཚེས་22ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་19ཉིན་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་གྱོད་གཞིའི་ཐད་བློ་འདྲིའི་བསམ་འཆར་བཏོན་ནས། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་མུ་མཐུད་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ཡོད་པ་དང་། དབྱི་སི་རལ་ལ་ཕ་ལེ་སི་ཐན་གྱི་མངའ་ཁོངས་ཁྲིམས་འགལ་གྱིས་བཙན་བཟུང་བྱེད་པ་འཕྲལ་མར་མཇུག་བསྒྲིལ་རྒྱུའི་འོས་འགན་ཡོད་པའི་ངོས་འཛིན་བྱས། ཀྲུང་གོ་ཕྱོགས་ལ་དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས་ངོ་སྤྲོད་བྱས་དོན། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་གྱོད་གཞིར་བློ་འདྲིའི་བསམ་འཆར་བཏོན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་དོ་ཁུར་དང་རེ་སྒུག་ལ་ལན་བསློགས་པ་མ་ཟད། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མངའ་ཁོངས་མུ་མཐུད་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བ་དང་། དབྱི་སི་རལ་ལ་ཕ་ལེ་སི་ཐན་གྱི་མངའ་ཁོངས་ཁྲིམས་འགལ་གྱིས་བཙན་བཟུང་བྱེད་པ་འཕྲལ་མར་མཇུག་བསྒྲིལ་རྒྱུའི་འོས་འགན་ཡོད་པ་ངོས་འཛིན་གསལ་བོ་བྱས་པས། ལམ་ཚད་རྡོ་རིང་ལྟ་བའི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྱོད་གཞི་དེར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་ཁྲིམས་ཁང་གི་ཞིབ་གཅོད་བརྒྱུད་རིམ་ནང་ཧུར་ཐག་ཞུགས་པ་དང་ཡིག་ཐོག་གི་བསམ་འཆར་ཕུལ་བ་མ་ཟད། ཁྲིམས་རར་ཡོང་ནས་ངག་ཐོག་ནས་གསལ་བཤད་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཡོད། ལངས་ཕྱོགས་འདི་དག་ཁྲིམས་ཁང་གིས་སྤེལ་བའི་བློ་འདྲིའི་བསམ་འཆར་ཁྲོད་དུ་གང་ལེགས་མངོན་ཡོད།

མའོ་ཉིང་གིས་བཤད་དོན། ང་ཚོས་མུ་མཐུད་དགེ་མཚན་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་དོན་ནང་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་སྐྱོང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། ང་ཚོ་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་དྲང་བདེན་གྱི་ཕྱོགས་སུ་ལངས་ཤིང་། རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདུན་དང་མིའི་རིགས་སྤྱོད་བཟང་གི་ཕྱོགས་སུ་ལངས་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲིམས་ཁང་གི་བློ་འདྲིའི་བསམ་འཆར་མཛུབ་སྟོན་དུ་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། དབུས་ཤར་ས་ཁུལ་གྱི་ཡུན་རིང་ཞི་བདེ་བརྟན་བརླིང་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་པར་རེ་སྒུག་བྱེད་བཞིན་ཡོད།