འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་22ཉིན།

༄༅།།པའེ་ཏེང་2024ལོའི་ཙུང་ཐུང་འདེམས་བསྐོ་ནས་ཕྱིར་འཐེན་བྱས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་22ཉིན། 13:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་2024ལོའི་ཙུང་ཐུང་འདེམས་བསྐོ་ཆེན་མོ་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་། ཁོ་པས་ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སིར་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་ཁས་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉིན་དེར་པའེ་ཏེང་གིས་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཁྱབ་བསྒྲགས་བྱས་པའི་འཕྲིན་ཡིག་ནང་ཁོ་པས་སྤྱིར་ན་ཙུང་ཐུང་གི་འགན་བསྟུད་མར་འཁུར་རྩིས་ཡོད་མོད། འོན་ཀྱང་དམངས་གཙོ་ཏང་དང་ཨ་རིའི་ཁེ་ཕན་ཡག་ཤོས་ཆེད། ཁོ་པས་ཙུང་ཐུང་བདམས་ཐོན་འགྲན་བསྡུར་ལས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་མ་ཟད། ཁོ་པས་ཙུང་ཐུང་གི་འགན་འཁུར་རིང་དུ་འགན་འཁྲི་ཡག་པོར་སྒྲུབ་རྒྱུར་བློ་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། པའེ་ཏེང་གིས། ངས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་རྒྱལ་ཡོངས་ལ་རང་གི་ཐག་གཅོད་འདི་གསལ་བཤད་ཞིབ་ཕྲ་བྱ་རྒྱུ་ཡིན་ཟེར།

ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་ཡིས། ཁོ་མོར་ཨ་རིའི་ཙུང་ཐུང་པའེ་ཏེང་གི་ཁས་ལེན་ཐོབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། རང་ཉིད་ལ་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ཧ་ལི་སིས་རང་གིས་ནུས་ཤུགས་ཡོད་རྒུས་དམངས་གཙོ་ཏང་དང་རྒྱལ་ཁབ་ལ་མཐུན་སྒྲིལ་བྱ་རྒྱུ་མ་ཟད། ཐེ་རོན་ཕུ་ཕམ་ཉེས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

པའེ་ཏེང་གིས་འདེམས་བསྐོ་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས། ཐེ་རོན་ཕུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག པའེ་ཏེང་གིས་འགན་བསྟུད་མར་འཁུར་ན་འཚམ་པོ་མེད་ཅེས་དཔྱད་གཏམ་སྤེལ་ཡོད། ཉེ་ལམ། ཐེ་རོན་ཕུ་ཡི་འདེམ་བསྐོ་ཚོགས་པས་ཧ་ལི་སི་དང་འགྲན་རྩོད་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།