འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་22ཉིན།

༄༅།།རྒྱ་གར་དུ་ཚོགས་འདུ་གལ་ཆེན་འདི་འཚོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་22ཉིན། 13:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་(འཛམ་གླིང་ཤུལ་བཞག་ཚོགས་ཆེན་)སྐབས་46པ་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་འགོ་ཚུགས་པ་རེད། རྒྱ་གར་གྱི་ཙུང་ལི་མོ་ཏི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ད་ཐེངས་ཀྱི་ཚོགས་འདུ་དེ་ཟླ་7ཚེས་21ནས་ཚེས་31ཉིན་བར་རྡི་ལི་གསར་པར་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུའི་ནང་དོན་གཙོ་བོ་ནི་《འཛམ་གླིང་ཤུལ་བཞག་མིང་གཞུང་》ནང་མིང་འདོན་བྱས་པའི་ཤུལ་བཞག་ཁག་27ལ་གྲོས་ཞིབ་བྱ་རྒྱུ་མ་ཟད། མིང་ཐོའི་ནང་གི་ད་ཡོད་ཤུལ་བཞག་ཁག་124སྲུང་སྐྱོང་བྱས་ཚུལ་ལ་དཔྱད་དཔོག་བྱ་རྒྱུ་དེ་རེད།

འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་ནི་《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས་》ཀྱི་ལས་འཛིན་སྒྲིག་གཞི་ཆེན་པོ་གཉིས་ཀྱི་གྲས་ཤིག་ཡིན། ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནི་སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་195ཡི་ནང་ནས་བདམས་པའི་རྒྱལ་ཁབ་21གི་འཐུས་མི་ལས་གྲུབ་པ་ཡིན།

ཨུ་ལྷན་གྱིས་《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས་》ལག་བསྟར་བྱ་རྒྱུའི་འགན་འཁུར་བ་དང་། ལྷག་པར་དུ་བློ་འདྲིའི་སྒྲིག་གཞི་དང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དྲུང་ཡིག་ཁྲུའུ་ཡི་དབྱེ་ཞིབ་བྱས་འབྲས་གཞིར་བཟུང་། མིང་འདོན་བྱས་པའི་ཤུལ་བཞག་ལ་གྲོས་ཞིབ་བྱ་རྒྱུ་མ་ཟད། 《འཛམ་གླིང་ཤུལ་བཞག་མིང་གཞུང་》ནང་བཅུག་པའི་ཤུལ་བཞག་སྲུང་སྐྱོང་བྱས་ཚུལ་ལ་དཔྱད་དཔོག་བྱ་རྒྱུ་རེད། ཨུ་ཡོན་ལྷན་ཁང་གིས་ལོ་རེར་རྒྱུན་ལྡན་གྱི་ཚོགས་འདུ་ཐེངས་རེ་འཚོགས་བཞིན་ཡོད།