འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་16ཉིན།

༄༅།།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་བཏོད་པ།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ཉེའི་སྐབས་སུ་བྲིས་པ། (སྟོད་ཆ)

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་16ཉིན། 09:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་ཤོག་སྒྲིལ་རིང་པོར་བཀོད་པའི་སྒྱུར་བཅོས་སྒོ་དབྱེ་ནི་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད།

    ལོ་40ལྷག་ཙམ་གྱི་གོང་དུ། ཀྲུང་གོ་གུང་ཁྲན་ཏང་གིས་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུའི་འགག་རྩའི་གདམ་ག་བྱས་ཡོད།

     ད་ཆ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར། སླར་ཡང་ལམ་ཚད་ཀྱི་རྡོ་རིང་གསར་པ་ཞིག་འཛུགས་རྒྱུ་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ་7ཚེས་15ནས་18ཉིན་བར་པེ་ཅིང་དུ་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱ་རྒྱུ་རེད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་སྟེ། ལོ་རྒྱུས་རང་འགུལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་ཆེན་པོར་བརྟེན་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བའི་ཚ་རླབས་འཕྱུར་ཡོད།

     ཟླ་6ཚེས་30ཉིན། སྤྱིའི་རིང་ཚད་སྤྱི་ལེ་24ཙམ་ཟིན་པའི་རིམ་འདས་ལས་གྲྭ་སྟེ། ཧྲེང་ཀྲུང་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལིང་ཏིང་རྒྱ་མཚོ་སྒྲོལ་ཞིང་ཤར་ནུབ་འབྲེལ་ཏེ་དེང་སྐབས་འཛམ་གླིང་ཐོག་ཁུག་ཆ་ཁུལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྣན་ཡོད།

     2012ལོའི་ཟླ་12པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ནས་ཉིན་20ལྷག་ཙམ་ལས་སོང་མེད་པའི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཐོན་ཏེ་རྟོག་ཞིབ་ཐེངས་དང་པོ་གནང་ནས་ཧྲེན་ཀྲེན་དང་། ཀྲུའུ་ཧའེ། ཧྥོ་ཧྲན། ཀོང་ཀྲོའུ་བཅས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་དུ་ཕེབས་ནས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་གནང་སྟེ།“སྒྱུར་བཅོས་སྤེལ་མཚམས་མི་འཇོག་པ་དང་སྒོ་དབྱེའི་གོམ་སྟབས་སྤོ་མཚམས་འཇོག་མི་རུང་བའི”ཁྱབ་བསྒྲགས་གནང་ཡོད།

     ཟླ་བ་བཞི་སོང་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་གནང་བ་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་དང་འབྲེལ་གཏན་འབེབས་ཀྱང་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་འཆར་ཟིན་ཚོགས་ཆུང་གི་ཙུའུ་ཀྲང་གནང་བ་རེད།

     ཉིན་མཚན་200རིང་། ཡིག་ཆ་འཆར་ཟིན་ཚོགས་ཆུང་གིས་ཕུལ་བའི་མ་ཟིན་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་འབྲུ་རེ་རེ་དང་ཚིག་རེ་རེ་བཞིན་ཞིབ་ཚགས་ངང་གཟིགས་ཏེ་ཐུགས་ནུས་ཡོད་རྒུ་བཏོན་གནང་བ་མ་ཟད། གཟིགས་རྒྱང་རིང་པོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་དང་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རས“ཐག་གཅོད་རང་བཞིན་གྱི་ནུས་པ”ཐོན་པ་སོགས་ཀྱི་ཆོད་གཏམ་གལ་ཆེན་བཏོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་དར་ཆ་གསལ་སྟོན་གྱི་སྒོ་ནས“གོ་ཆོད་ལ་མ་ཆོད་ཀྱི་གཏན་འབེབས་བྱས་པ་ལས། མ་བྱས་ན་དགའ”ཞེས་གསུངས་ཡོད།

     2013ལོའི་ཟླ་11པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་འཆམ་བྱས་ཤིང་། ཡིག་འབྲུ་ཁྲི་2ལྷག་ཙམ་ཡོད་པའི་གཏན་འབེབས་དེའི་ནང་ཁྱབ་ཁོངས་15དང་སྒྱུར་བཅོས་བྱེད་ཐབས་ཁག་336བཏོན་ཡོད།

      སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་སྐབས་རིམ་བྱུང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་ཡིག་འབྲུ་མང་ཤོས་ཀྱི་གཏན་འབེབས་ཡིག་ཆ་དེས། སྒྱུར་བཅོས་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ། ཏང་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་སོགས་ཁྱབ་ཁོངས་ཁག་ཏུ་ཕྱོགས་ཡོངས་ནས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་སྟེ་ལོ་རྒྱུས་ཐོག་ཆ་ཚང་ཤོས་དང་། ཆ་ལག་ཚང་ཤོས། གཏིང་ཟབ་ཤོས་བཅས་ཀྱི་སྒྱུར་བཅོས་འཆར་གཞི་བཀོད་ཡོད།

     ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་ཀྲུང་དབྱང་དུ་སྒྱུར་བཅོས་ལས་དོན་གྱི་ཆེད་འགན་འགོ་ཁྲིད་ལས་ཁུངས་ཐོག་མར་འཛུགས་རྒྱུའི་གཏན་འབེབས་བྱས་ཤིང་། ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་ནས་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཚོགས་འདུ་ཐེངས་72གཙོ་སྐྱོང་གནང་སྟེ། སྒྱུར་བཅོས་ཀྱི་ཇུས་གཞི་གལ་ཆེན་ཚང་མར་ཞིབ་འཇུག་དང་གྲོས་ཞིབ་གནང་བ་མ་ཟད། སྒྱུར་བཅོས་ཀྱི་གྲོས་གཞི་གལ་ཆེན་བཏོན་གནང་བ་དང་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་བཀོད་སྒྲིག་གནང་ཡོད་ལ། འགག་རྩའི་ལྷུ་ཚིགས་མཐུན་སྦྱོར་དང་དོན་འཁྱོལ་བྱས་ཚུལ་ལ་སྐུ་ངོ་མས་ལྟ་ཞིབ་ཀྱང་གནང་ཡོད།

     2018ལོར། “ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་གཡུལ་འགྱེད”དེ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་འགོ་ཚུགས་ཡོད།

     དུས་ཐུང་ལོ་གཅིག་ལྷག་ཙམ་རིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་དང་ཐད་གཏོགས་ཚན་པ་80ལྷག་ཙམ་ལེགས་སྒྲིག་བྱས་པ་དང་པུའུ་རིམ་པའི་སྒྲིག་གཞི་21ཞིབ་བཤེར་ཉུང་འཕྲི་བྱས་པ་དེ་ཁོ་ནར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མི་ཁྲི་180ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཐག་ཆོད་པོས“ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་ལས་གནས་ལ་འགྱུར་ལྡོག་འགྲོ་བ་དང་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། སྒྲུབ་དགོས་ངེས་ཀྱི་བྱ་བ་ཞིག་ཀྱང་ཡིན་པས། རང་ངོས་གསར་འབྱེད་ཀྱི་བློ་སྟོབས་དང་བློ་རྒྱ་ཡོད་དགོས”ཞེས་གསུངས་ཡོད།

    དམག་དཔུང་སྒྱུར་བཅོས་ཐད་དུས་ཡུན་རིང་པོར་ལག་ལེན་བསྟར་བའི་སྤྱི་ཁྱབ་པུའུ་བཞི་ཡི་ལམ་ལུགས་མེད་པར་བཟོས་ཏེ། ཧྲི་རིམ་པ་རྒན་པ་ཡན་གྱི་ལས་ཁུངས་200ལྷག་ཙམ་ཉུང་དུ་བཏང་བ་དང་མི་གསུམ་ཆ་གཅིག་ཁུ་བསྡུ་བྱས་ཡོད། རྒྱལ་ཁབ་ཀྱི་དཔྱ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱས་ནས་ལོ་24རིང་གི་རྒྱལ་ཁབ་དང་ས་གནས་ཀྱི་དཔྱ་ཁྲལ་ཡན་ལག་ཅུས་མེད་པ་བཟོས་པ་མ་ཟད། སྒྲིག་གཞི་ཁྲི་3.4མེད་པ་བཟོས་པ་དང་ལས་བྱེད་པ་ཁྲི་2ལྷག་ཙམ་གོ་གནས་རྒན་པ་ནས་གོ་གནས་གཞོན་པར་བསྒྱུར་ཡོད། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཀག་རྒྱ་གཏོར་ནས། ཞིང་ལས་ཀྱི་ཐེམ་ཐོ་དང་ཞིང་ལས་མིན་པའི་ཐེམ་ཐོ་གཉིས་ཀྱི་ངོ་བོའི་དབྱེ་བ་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ། གྲོང་ཁྱེར་གྱི་ཐེམ་ཐོ་མིན་པའི་མི་འབོར་དུང་ཕྱུར་1གྲོང་ཁྱེར་དུ་གཞིས་ཆགས་པར་སྐུལ་འདེད་བཏང་ཡོད། ངལ་རྩོལ་སློབ་གཅུན་ལམ་ལུགས་མེད་པར་བཟོས་ནས་དུས་རབས་ཕྱེད་ཙམ་རིང་རྒྱུན་མཐུད་པའི་ངལ་རྩོལ་སློབ་གཅུན་ལམ་ལུགས་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་བྱས་ཡོད།

     གྲོས་བསྡུར་ལོ་མང་བྱས་པ་དང་། དུས་ཡུན་རིང་པོར་སྐུལ་འདེད་གཏོང་མི་ཐུབ་པ། ལེགས་སྒྲིག་གཏིང་ཟབ་དང་འབྲེལ་བ་ཡོད་པ་བཅས་ཀྱི་སྒྱུར་བཅོས་ཀྱི་ལས་དོན་རེ་རེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འགག་སྒྲོལ་ལམ་བཤང་གནང་བ་དང་འགོག་རྐྱེན་མཐའ་དག་མེད་པར་བཟོས་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

    2013ལོའི་ཟླ་7པར་ལུགས་རྙིང་ལོའི་ཚ་བ་ཆེ་བའི་དུས་ཚིགས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེ་ཝུའུ་ཧན་གྲོང་གསེབ་ཕྱོགས་བསྡུས་ཐོན་དབང་ཉོ་ཚོང་ཁང་དུ་ཕེབས་ནས་ལས་དོན་པ་དང་ཐོན་དབང་ནང་བཤུག་ཉོ་ཚོང་གི་མཐོང་མཆན་འགྲོ་ལུགས་གཉེར་མཁན་ཞིང་པ་དང་གླེང་མོལ་གནང་བ་མ་ཟད། ཐོན་དབང་ཉོ་ཚོང་གི་ཞིབ་ཕྲའི་བརྒྱུད་རིམ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

     ལོ་དེའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག“ཞིང་པའི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་དེ་འགན་གཙང་དབང་ཆ་དང་གཉེར་སྐྱོང་དབང་ཆ་གཉིས་སུ་དབྱེ་ནས་འགན་གཙང་དབང་ཆ་དང་གཉེར་སྐྱོང་དབང་ཆ་ཁག་དབྱེ་མཉམ་སྤེལ་བྱེད་དགོས་པའི”ཆོད་གཏམ་གལ་ཆེན་བཏོན་གནང་བ་རེད།

    “དབང་གཉིས་ལོགས་དབྱེ”ནས“དབང་གསུམ་ལོགས་འཛུགས”བར་ནི་ཀྲུང་གོའི་གྲོང་གསེབ་སྒྱུར་བཅོས་ཀྱི་གསར་གཏོད་གལ་ཆེན་གཞན་ཞིག་རེད། འགྲོ་སོང་ཆུང་ལ་ཡོང་སྒོ་ཆེ་བར་བརྟེན་ནས་གྲོང་གསེབ་ཀྱི་ས་ཞིང་མཉམ་སྡེབ་ལ་དབང་བ་མཐའ་འཁྱོངས་དང་ཞིང་པའི་འགན་གཙང་གི་དབང་ཆར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་གསེབ་ཀྱི་ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་ལྡན་པའི་ངང་ནང་བཤུག་གཏོང་བར་སྐུལ་འདེད་གཏོང་བ་དང་རྣམ་པ་སྣ་ཚོགས་ཀྱི་ཞིང་ལས་གཞི་ཁྱོན་འོས་འཚམ་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བར་བར་མཐོངས་གསར་པ་བཏོད་ཡོད།

     མིག་སྔར། རྒྱལ་ཡོངས་སུ་ཁྱིམ་ཚང་གི་རྨོ་ཞིང་དང་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ནང་བཤུག་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

     དུས་རབས་ཀྱི་དུས་བབ་དང་ཞིབ་འཇུག་བྱ་གཞི་གསར་པར་ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་གནད་ལས་འགན་ལ་དམིགས་ཏེ་འགག་རྩའི་ལྷུ་ཚིགས་དམ་འཛིན་གནང་སྟེ། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་སྤྱིར་བཏང་མིན་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཁྱབ་ཁོངས་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། བརྒྱུད་རིམ་རང་བཞིན་གྱི་བསྐྱར་སྐྲུན། ཕྱོགས་ཡོངས་རང་བཞིན་གྱི་བསྐྱར་འཛུགས་བཅས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

     ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་བ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྒྲིག་གཞི་སྒྱུར་བཅོས་བཀོད་སྒྲིག་བྱས་པའི་བར་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འཆར་འགོད་ཞིབ་ཚགས་བྱས་པ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པའི་བར་དུས་རབས་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་སྒྱུར་བཅོས་འཆར་གཞི་ཀྲུང་ཧྭའི་ས་གཞི་ཆེ་མོར་བཀོད་ཡོད།

     ཚན་རིག་དང་མཐུན་པའི་ངང་སྒྱུར་བཅོས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་སྒྱུར་བཅོས་ཀྱི་བསམ་བློ་གསར་པར་བརྟེན་ནས་ལག་ལེན་གསར་པར་མཛུབ་ཁྲིད་དང་འཕོ་འགྱུར་གསར་པར་སྣེ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེར་ཁྲིད་སྟོན་བྱེད་པའི་རྩ་བའི་གཞི་འཛིན་སར་གྱུར་ཡོད།

     དུས་རབས་རླབས་པོ་ཆེས་བསམ་བློ་རླབས་པོ་ཆེ་སྐྱེད་སྲིང་བྱེད་པ་དང་། བསམ་བློ་རླབས་པོ་ཆེས་རྒྱང་ལམ་རླབས་པོ་ཆེར་སྣེ་ཁྲིད་བྱས་ཡོད།

    དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བར་ཐུག་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་ཁ་ཕྱོགས་སྟངས་འཛིན་གནང་ནས་དུས་རབས་ཀྱི་འདྲི་གཞི་དང་མི་དམངས་ཀྱི་འདྲི་གཞིར་དུས་ཐོག་ཏུ་ལན་བཏབ་སྟེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འཆིང་རྒྱ་མེད་པར་བཟོས་ཏེ། གསར་གཏོད་རང་བཞིན་གྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་སྒྱུར་བཅོས་ཀྱི་ལག་ལེན་ཁྱབ་རྒྱ་དང་གཏིང་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

     —— ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་། ལངས་ཕྱོགས། རྩ་དོན་བཅས་ལ་སྟངས་འཛིན་ནན་པོ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱས་ཡོད།

     2015ལོའི་ཟླ་6པར། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་མ་ཟིན་འགའ་ཞིག་ཀྲུང་ནན་ཧའེ་ཡི་དོན་གྲོས་ནང་དོན་དུ་བཅུག་ཡོད།

     གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱ་རྒྱུ་ནི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གཙོ་གནད་ཅིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཐག་ཆོད་པོས།

     “ཏང་འཛུགས་སྐྱོང་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཉིས་མཉམ་དུ་ཇུས་འགོད་དང་། ཏང་གི་རྩ་འཛུགས་དང་ལས་ཀའི་སྒྲིག་གཞི་མཉམ་དུ་བཀོད་སྒྲིག་བྱ་རྒྱུ་དང་མཐའ་འཁྱོངས་བྱེད་དགོས” “ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ལག་ལེན་རྒྱུན་སྲིང་བསྟར་དགོས། དེང་རབས་ཁེ་ལས་ལམ་ལུགས་འཛུགས་རྒྱུ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡིན་པས་ངེས་པར་དུ་ལག་བསྟར་རྒྱུན་སྲིང་བྱེད་དགོས”ཞེས་གསུངས་ཡོད།

     སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་། ཚད་གཞི། གོ་རིམ་བཅས་ལ་སྟངས་འཛིན་བྱས་ཏེ“1+N”ཡི་སྲིད་ཇུས་མ་ལག་བཟོས་ཏེ་ཏང་གིས་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་རྒྱུ་ནོར་ལ་འགོ་ཁྲིད་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་དེང་རབས་ཁེ་ལས་ལམ་ལུགས་མགྱོགས་མྱུར་བཟོས་ནས་གསོན་ཤུགས་དང་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།

     —— རྩོད་སྒྲུབ་རིག་པ་སྤྱོད་མཁས་པོ་བྱས་ནས་སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་དང་སྒྱུར་བཅོས་དང་སྒོ་དབྱེར་སྐུལ་འདེད་གཏོང་རེས་བྱས་ཡོད།

    2024ལོའི་ཟླ་6ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་ཀྱི་སྒྱུར་བཅོས་གྲུབ་འབྲས་ལ་འགན་ལེན་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་པ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱོད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་དགོས”ཞེས་གསུངས་ཡོད།

     —— བརྟག་ཐབས་སྨྲ་བར་གཙིགས་ཆེན་བྱས་ནས་སྒྱུར་བཅོས་བྱེད་ཐབས་ཁག་ཕན་ཚུན་སྐུལ་འདེད་དང་། མཐུན་སྦྱོར་གཞོགས་འདེགས། ཕན་ཚུན་སྤེལ་ཟླ་བྱེད་རེས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    2015ལོའི་ཟླ་9ཚེས་3ཉིན། རྒྱལ་ས་པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་རང་རྒྱལ་དམག་དཔུང་གི་གཟི་ཉམས་མངོན་པར་བྱས་ཡོད།

    “ངས་ཀྲུང་གོས་དམག་དཔུང་གི་མི་གྲངས་ཁྲི་30ཉུང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱེད་ཀྱི་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་དཔུང་སྐྱོད་བཀའ་རྒྱ་བཏང་ཡོད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་དང་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་72ཚང་མར་གནད་དོན་གྱི་སྟོན་ཕྱོགས་མངོན་པར་བྱེད་པ་དང་གནད་དོན་གལ་ཆེན་ལ་དམིགས་དགོས་པའི་བླང་བྱ་བཏོན་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “བཟོ་བཟོ་གཏོད་གཏོད་ཀྱིས་བསྐྱར་སྒྲིག་བྱས་ན་མི་འགྲིག་ལ། མཐུད་མཐུད་སྒྲིག་སྒྲིག་བྱས་ནའང་མི་འགྲིག ངེས་པར་དུ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒྱུར་བཅོས་དང་ལེགས་བཅོས་ཡིན་དགོས་ལ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་དང་ལེགས་བཅོས་ཀྱི་མཉམ་འགུལ་དང་འདུས་གྲུབ་ཅིག་ཀྱང་ཡིན་དགོས”ཞེས་གསལ་བཏོན་གནང་ཡོད།

     2021ལོའི་ཟླ་10ཚེས་12ཉིན། ཀྲུང་གོས་གཙང་གསུམ་ཆུ་འགོ་དང་། དོམ་ཁྲ། བྱང་ཤར་སྟག་གཟིག་སོགས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས་དེ་སྔའི“རི་བོ་དང་། ཆུ་མོ། ནགས་ཚལ། རྩྭ་ཐང་བཅས་ཁག་སོ་སོའི”ཐར་ཐོར་ཅན་གྱི་དོ་དམ་ལ་འགྱུར་ལྡོག་མཐར་ཕྱིན་པ་བཏང་ནས་ཕྱོགས་མང་དོ་དམ་གྱི་དཀའ་གནད་བསལ་ཡོད།

    བརྒྱུད་རིམ་ལྡན་པའི་འདུས་གྲུབ་ལ་སྔར་བས་མཐོང་ཆེན་བྱེད་པ་དང་སྤྱི་ཡོངས་ཀྱི་འདུ་ཤེས་དང་རྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱི་ཡོངས་ཀྱི་ཕན་འབྲས་མགྱོགས་མྱུར་མངོན་པར་བྱས་ཡོད།

    —— རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་བྱེད་པ་དང་། སྒྱུར་བཅོས་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་བཅས་བྱས་ཡོད།

2021ལོའི་ཟླ་3ཚེས་23ཉིན། ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དུ།

    དེ་གར་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་མི་ཀྲང་ལི་ཕིང་ལ་སྨན་རིན་གནས་ཚུལ་བཀའ་འདྲི་གནང་། སྨན་རིན་སྒོར་ཁྲི་1.3ནང་ནས་སྒོར་8000ལྷག་ཙམ་རྩིས་ཞུ་ཐུབ་པ་མཁྱེན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་མགུ་པོ་བྱུང་ཡོད།

   “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་བརྟན་པོར་འཛུགས་དགོས་པའི་འདུ་ཤེས་ཤིག་ཡིན་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ནད་ཆེན་ཞིང་ཆེན་དེ་རང་ནས་སྨན་བཅོས་བྱེད་པ་དང་། སྤྱིར་བཏང་གི་ནད་གཞི་གྲོང་ཁྱེར་དང་རྫོང་ནས་སྨན་བཅོས་བྱེད་པ། རྒྱུན་གཏན་གྱི་མགོ་ན་བ་སོགས་ནད་གཞི་ཆུང་ངུ་གྲོང་གསེབ་ནས་སྨན་བཅོས་བྱེད་དགོས། ལས་ཀ་དེ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་འགོ་འཛུགས་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་སེར་གྱིས་སེམས་ཁུར་དང་རེ་སྒུག་གང་ཞིག་བྱས་ཚེ་དེར་སྒྱུར་བཅོས་དང་དེར་སྐུལ་འདེད་གཏོང་དགོས་ཞེས་ཐེངས་མང་གསུངས་ཡོད།

     གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”ནས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་བར་དང་། “མིག་ཤེལ་ཆུང་ངུ”འགོག་བཅོས་བྱེད་པ་ནས་གཙང་སྦྲ་དྲོད་ལེན་ལ་སྐུལ་འདེད་གཏོང་བའི་བར་དམངས་འཚོའི“དོན་ཆུང”རེ་རེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་མཉམ་འདྲེས་བྱས་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་དོན་ལ་བབས་སར་གྱུར་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

     ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། གསར་འབྱེད་གསར་གཏོད་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་མཐའ་འཁྱོངས། ཁྲིམས་སྐྱོང་ལམ་བུར་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད།