འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།བོད་ལྗོངས་མེ་ཏོག་རྫོང་བདེ་ཞིང་ཤང་ཧོ་ར་གྲོང་ཚོས“སློབ་ཚན་བཞི”ཁྲིད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭའི་ཕན་འབྲས་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མེ་ཏོག་རྫོང་བདེ་ཞིང་ཤང་ཧོ་ར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཀྲི་པུར་རམ་འདེགས་ཧུར་ཐག་བྱས་ནས་གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས“བྱེད་པོའི་སློབ་ཚན་དང་། ཆ་སྒྲིག་སློབ་ཚན། མཛུབ་རྩེའི་སློབ་ཚན། ཉེར་སྤྱོད་སློབ་ཚན”ཚོགས་པ་མ་ཟད། ད་དུང“ཧྲུའུ་ཅི་དང་པོས་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་པ་དང་། གྲོང་སྡོད་ལས་བྱེད་པས་སློབ་སྦྱོང་ལ་རོགས་འདེགས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ་རེད།

ཧོ་ར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཧོ་ར་གྲོང་ཚོའི་ཏང་ཡོན་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཆར་གཞི་ཚན་རིག་དང་མཐུན་པར་ལེགས་སྒྲིག་བྱས་ནས་ཧྲུའུ་ཅི་དང་པོ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་སྟོབས་ཤུགས་ཧྲག་པོར་བརྟེན་ནས་ཉན་བཤད་ཀློག་འབྲི་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། གཟའ་འཁོར་རེའི་རེས་གཟའ་ཕུར་བུའི་དགོང་མོར་ཆུ་ཚོད་1ལས་མི་ཉུང་བའི་གཅིག་སྡུད་སློབ་སྦྱོང་མཐའ་འཁྱོངས་བྱས་ནས། གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལས་དོན་དམ་འཛིན་ཏན་ཏིག་བྱས་པ་དང་ཆབས་ཅིག ན་ཚོད་མི་འདྲ་བ་དང་། རིམ་པ་མི་འདྲ་བ། རིག་གནས་ཆུ་ཚད་མི་འདྲ་བ་བཅས་ཀྱི་རྗེས་གྲབས་ལས་བྱེད་པ་དང་དེ་བཞིན་ཏང་ཡོན་མང་ཚོགས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལ་ཞུགས་པའི་སྒྲིག་འཛུགས་ལུགས་མཐུན་བྱས་པ་དང་། སློབ་སྦྱོང་ནང་དོན་ཐད་རུས་མིང་དང་། ལོ་ཚད། ཁ་པར་ཨང་གྲངས་སོགས་ཆེས་གཞི་རྩར་གྱུར་པའི་ཆ་འཕྲིན་འབྲི་སྟངས་ནས་མི་རིགས་མཐུན་སྒྲིལ་སོགས་གཙོ་གནད་ཚིག་གྲོགས་འབྲི་བའི་བར་རིམ་བཞིན་རྒྱ་སྐྱེད་བཏང་བ་དང་། འདི་ལོ་ཚུན་དུ། རིམ་རྩིས་བརྒྱབ་ན་གཅིག་སྡུད་སློབ་ཚན་ཐེངས་23ཁྲིད་པས་ཏང་ཡོན་མང་ཚོགས་450ལྷག་ལ་སློབ་གསོ་ཐེབས་ཡོད་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་ལས་བགོས་ཁ་གསལ་བཟོས་ནས་སློབ་ཚན་ཁྲིད་པ་དང་། གཟའ་འཁོར་རེར་ཆ་སྒྲིག་སློབ་རོགས་ཐེངས་1དང་ཐེངས་རེར་སྐར་མ་30བྱས་པའི་ཐོག་གྲོང་ཚོའི་ལས་བྱེད་པར་སློབ་རོགས་ཡག་པོ་བྱས་པ་དང་། སློབ་མ་གྲོང་ཚོར་ལོག་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཐོག་སློབ་མ་ཚོས་ཁྱིམ་བདག་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་རྒྱུའི་ལྕག་སྐུལ་བྱས་པ་རེད། དེ་དང་ཆབས་ཅིག་ལོ་ཚོད་དང་། རིག་གནས་ཆུ་ཚད། སློབ་སྦྱོང་གི་ཤེས་ཚད་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི་ལས་བྱེད་པ་དང་། རྗེས་གྲབས་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས“སྟོབས་ཆེན་དང་ཉམས་ཞན་མཉམ་སྡེབ”ཀྱི་མི་གཉིས་རེ་ཚོགས་ཆུང་རེ་བཟོས་པ་དང་། གཟའ་འཁོར་རེའི་འཆར་ཅན་ཚོགས་འདུའི་ཐོག་སྐད་ཆ་ཤོད་རེས་དང་། ཕན་ཚུན་རོགས་རམ་དང་སློབ་སྦྱོང་། སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བཅས་བྱས་ཏེ་སྐད་ཆ་ཤོད་པ་དང་། འབྲེལ་གཏུག་སྤེལ་རེས། ཡི་གེ་བེད་སྤྱོད་སོགས་ཀྱི་ནུས་པ་ཆེ་རུ་བཏང་བ་རེད། སྐད་འཕྲིན་ཚོགས་པ་དང་ཁྱུག་དབྱིངས་སོགས་ལས་སྟེགས་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས། རྒྱ་བོད་སྐད་གཉིས་ཀྱི་སྲིད་ཇུས་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་སྒྲ་བརྙན་དཔྱད་གཞི་སོགས་དུས་ངེས་མེད་དུ་ཁྱབ་སྤེལ་བྱས་པ་དང་འབྲེལ། གོ་སླའི“ཡུལ་སྐད”ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་རྒྱ་ཆེའི་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རང་སྦྱོང་བྱེད་པར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཤིང་། འདི་ལོ་ནས་བཟུང་འབྲེལ་ཡོད་སློབ་སྦྱོང་དཔྱད་གཞི་30ལྷག་ཙམ་ཁྱབ་སྤེལ་བྱས་ཡོད་པ་རེད། གཞན་ཡང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱ་རྒྱ་དེ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བ་དང་ཟུང་འབྲེལ་གྱིས་གྲོང་ཚོའི་ལས་བྱེད་པར་གཟའ་འཁོར་རེའི་འཆར་ཅན་ཚོགས་འདུ་དང་ཀྲི་པུའུ་ཨུ་ལྷན་སོགས་ཀྱི་ཚོགས་འདུར་སྤྱི་སྐད་ནས་སྤེལ་རེས་གཏམ་བཤད་བྱེད་པར་ཁྲིད་སྟོན་དང་། མོན་སྐད་དང་རྒྱ་སྐད་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉན་བཤད་ཀློག་འབྲིའི་འཇོན་ཐང་སྲ་བརྟན་དང་ཆེ་རུ་བཏང་བ་རེད།

ཧོ་ར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་ཉམས་མྱོང་དང་བྱེད་སྟངས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ཁར། ཐོན་ཁུངས་སྤྱི་འདོམས་དང་། ཐབས་མང་མཉམ་སྤྱོད། རྗེས་སྙེག་ཕན་འབྲས་ཞིབ་བཤེར་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཁྱབ་གདལ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན་ཞེས་བཤད་པ་རེད།

(སྐལ་བཟང་མཆོག་སྐྱིད་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)