འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།བོད་ལྗོངས་ཉིང་ཁྲིས་རྒན་གསོ་དང་བུ་བཅོལ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས“རྒན་བྱིས་གཉིས”ཀྱི་ཞབས་ཞུའི་དཀའ་གནད་བསལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 13:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒན་གསོ་དང་བུ་བཅོལ་ཞབས་འདེགས་ནི་དམངས་འཚོ་དང་དམངས་སེམས་དང་འབྲེལ་བ་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་རྒན་གསོ་དང་བུ་བཅོལ་ཞབས་འདེགས་ཀྱི་འཇུག་སྒོ་ཆུང་ངུ་ནས་འགོ་བརྩམས་ཏེ། “སྲིད་གཞུང་དང་སྤྱི་ཚོགས་ཟུང་དུ་འབྲེལ་བའི”མཉམ་སྒྲུབ་བྱེད་སྟངས་དང་། “བྱེད་སྒོ་སྤེལ་ཡུལ་དང་ཞབས་འདེགས་ཟུང་དུ་འབྲེལ་བའི”རྒན་གསོ་བྱེད་སྟངས། “མངགས་བཅོལ་དང་སློབ་ཚན་རྗེས་ཀྱི་ཞབས་འདེགས་ཟུང་འབྲེལ”གྱི་བུ་བཅོལ་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས་ཐ་སྐྱོང་རང་བཞིན་གྱི་འགན་སྲུང་ནུས་པ་སྔར་བས་ཆེ་རུ་བཏང་བ་དང་ཀུན་ཕན་རང་བཞིན་གྱི་ཞབས་འདེགས་ནུས་ལྡན་ཞུས་ཏེ་རྒན་གསོ་དང་བུ་བཅོལ་གྱི་ཞབས་འདེགས་ཆུ་ཚད་་བརྟན་པོའི་ངང་མཐོ་རུ་བཏང་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་རྒན་རྒོན་ཅན་ལ་ཁ་གཏད་གཅོག་པར་སྐུལ་འདེད་གཏོང་བའི་འདུ་འགོད་དང་བུ་བཅོལ་གྱི་ཞབས་འདེགས་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། 《ཉིང་ཁྲི་གྲོང་ཁྱེར་གྱི“རྒན་གཅིག་བྱིས་གཅིག”ཁྱོན་ཡོངས་ཐག་གཅོད་ཀྱི་ཇུས་གཞི》བཟོས་ནས། ཁྱིམ་སྡོད་སྡེ་ཁུལ་ཞབས་འདེགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། གསོ་བཅོས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་རིགས་5ཡི་རྣམ་གྲངས་20ལ་གཙོ་གནད་ལས་འགན་ཁ་གསལ་བཏོན་ཏེ“ཐ་སྐྱོང་ལ་འགན་ལེན་ཡོད་པ་དང་། ཀུན་ཕན་ལ་མཁོ་སྤྲོད་ཐུབ་པ། རྩེར་སོན་ལ་གདམ་ག་ཡོད་པ་བཅས”ཀྱི་རྒན་གསོ་དང་བུ་བཅོལ་ཞབས་འདེགས་ཀྱི་མ་ལག་གཏོད་པ་དང་། རྒན་གསོ་དང་བུ་བཅོལ་ཐད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱི་ནུས་པ་བཏོན་ནས་སྤྱི་ཚོགས་ཀྱི་མ་རྩ་གོ་རིམ་ལྡན་པའི་ངང་འཇོག་རྒྱུར་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་བྱེད་པོ་རྒན་གསོ་དང་བུ་བཅོལ་ཞབས་འདེགས་ལ་ཞུགས་པར་རྒྱབ་སྐྱོར་བྱས་ཤིང་། སྤོ་བོ་རྫོང་གིས་ཀོང་ཀྲོའུ་གྲོང་ཁྱེར་གྲངས་འཛིན་རིག་ལྡན་དར་རྒྱས་ཕྱུག་འགྱུར་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་ཆེད་དོན་འཚམས་འདྲིའི་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྲིང་བལ་ཉལ་ཆས་དང་། ཀམ་པ་ལི་སོགས་དགུན་སྒྲོལ་དངོས་ཟོག་སྣ་ཁ་165སྤྲད་པ་དང་། ཀོང་པོ་རྒྱ་མདའ་རྫོང་གིས་ཀོང་ཏུང་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་མཉམ་དུ་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་དང་དབྱེ་གསེས་བྱས་ཏེ་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་4ལ་གཤགས་བཅོས་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པར་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཆར་འགོད་དང་འཛུགས་སྐྲུན་བྱས་ནས་ལུགས་མཐུན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་དང་གཞི་ཁྱོན་གཏན་འཁེལ་བྱས་ཏེ། རྒན་རྒོན་གྱི་བསམ་པའི་རིག་གནས་དང་། རྒྱུན་གཏན་གྱི་ལུས་སྦྱོང་དང་རོལ་རྩེད། ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཡོང་ཆེད་ཞབས་ཞུའི་ཆ་རྐྱེན་བཟང་པོ་བཏོད་ཅིང་། མིག་སྔར་གྲོང་ཁྱེར་ཡོངས་ལ་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་ཁག་40(བཟའ་བཏུང་ཞབས་འདེགས་ཞུ་ཡུལ་ཚུད་མེད)ཡོད་པའི་ཁྲོད་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་7དང་། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་8 སྡེ་ཁུལ་གྱི་རྒན་གསོའི་ཞབས་འདེགས་ས་ཚུགས་3 གྲོང་གསེབ་ཀྱི་བདེ་སྐྱིད་ཁང་22བཅས་དང་དེ་བཞིན་རྒན་གསོའི་ཉལ་ཁྲི་1003ཡོད་པ་མ་ཟད། ནད་གཡོག་ཉལ་ཁྲིས་རྒན་གསོའི་སྒྲིག་གཞིའི་ཉལ་ཁྲིའི་ཁྲོད་བཟུང་བའི་བསྡུར་ཚད་57.22%ཟིན་ཡོད། རྒན་གསོའི་ནད་སྐྱོང་བ་50གྲོང་ཁྱེར་ཡོངས་ཀྱི་འབྲིང་རིམ་རྩལ་ནུས་གསོ་སྦྱོང་ལ་བཏང་ནས་རྒན་གསོའི་ནད་སྐྱོང་བའི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ཡོད། 《རྒན་རྒོན་གྱི་བཟའ་བཏུང་ཞབས་འདེགས་ལག་བསྟར་གྱི་ཚོད་ལྟའི་ཇུས་གཞི》བཟོས་ནས་རྒན་རྒོན་ལ་ཁྱབ་ཚད་དང་བཟའ་བཏུང་གི་དགོས་མཁོ་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ཕྱོགས་སྡོམ་བྱས་ནས་པད་མ་སྒང་སྡེ་ཁུལ་དང་། སྐྱབས་སོང་སྡེ་ཁུལ་གྱི“རྒན་རྒོན་གྱི་བཟའ་བཏུང་ཞབས་འདེགས་ཞུ་ཡུལ”སྒོ་བྱང་བཀལ་ནས་བཙུགས་ཤིང་། རིམ་རྩིས་བྱས་ན། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་བཟའ་བཏུང་གི་ཞབས་འདེགས་ཐེངས་314ཞུས་ཡོད། མ་དངུལ་སྒོར་ཁྲི་64.8བཏང་ནས་གནས་གཞི་སྡེ་ཁུལ་སོགས་སྡེ་ཁུལ་4ལ་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་རྒོན་ཞབས་ཞུའི་ཚོད་ལྟའི་ལས་དོན་སྤེལ་ནས་སྡེ་ཁུལ་གྱི་རྒན་རྒོན་ལ་ཁྱིམ་ལས་དང་། གཟུགས་པོ་བརྟག་དཔྱད། ལུས་ཁམས་སླར་གསོ་དང་སྨན་བཅོས་སོགས་ཀྱི་ཞབས་འདེགས་སྒོ་རྩར་ཞུས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལོ་3མན་གྱི་བྱིས་པ་དམར་འབྱར་ལ་ལྟ་སྐྱོང་ཞབས་ཞུའི་དགོས་མཁོར་བརྟག་དཔྱད་གཏིང་ཟབ་བྱས་པའི་ཐོག་དོན་དངོས་དང་ཟུང་འབྲེལ་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཞབས་འདེགས་ལྟེ་གནས་འཛུགས་སྐྲུན་གྱི་རྣམ་གྲངས་འཆར་འགོད་དང་འདུན་ཞུ་བྱས་ཤིང་། མིག་སྔར་རྣམ་གྲངས་དེར་ཕྲུ་གུ་བཅོལ་ས་150བཀོད་སྒྲིག་དང་། འཛུགས་སྐྲུན་ས་ཆའང་མཐུན་སྦྱོར་བྱས་ནས་མཆན་བཀོད་བཀའ་ལན་ཐོབ་ཡོད། ཆ་རྐྱེན་འཛོམས་པའི་བུ་བཅོལ་ཁང་གིས་ད་ཡོད་ཀྱི་ཐོན་ཁུངས་སྤྱད་དེ་བུ་བཅོལ་འཛིན་གྲྭ་འཛུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་ཐོག་བུ་བཅོལ་ཁང་གཞི་གཅིག་ཅན་གྱི་ཞབས་འདེགས་ལ་སྐུལ་འདེད་གཏོང་བའི་ཚོད་ལྟ་བྱས་ནས་མང་ཚོགས་ཀྱི་སྣ་མང་ཞབས་ཞུའི་དགོས་མཁོ་བསྐངས་ཤིང་། མིག་སྔར། བྲག་ཡིབ་ཆུས་ལ་དམངས་གཉེར་བུ་བཅོལ་ཁང་4ཡོད་པར་ཕྲུ་གུ་100ལྷག་ཙམ་བཅོལ་ཐུབ་ཀྱི་ཡོད། སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་ནོར་སྲིད་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མའི་སློབ་ཚན་གྲོལ་རྗེས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། མིག་སྔར། གཞོན་ནུ་ལོ་ཆུང་གྱི་སློབ་ཕྱིའི་བྱེད་སྒོ་ལྟེ་གནས་སུ་རིགས་11གི་དམིགས་བསལ་ཁྱད་ལྡན་འཛིན་གྲྭ་27བཙུགས་པ་མ་ཟད། སློབ་ཚན་རྗེས་ཀྱི་ཞབས་འདེགས་དུས་ཆེན་དང་གུང་གསེང་བར་བསྣུར་ནས་དགུན་གསེང་དང་དབྱར་གསེང་དུས་ཀྱི་བུ་བཅོལ་ཞབས་འདེགས་ཁྱབ་གདལ་བཏང་ཡོད། བྲག་ཡིབ་ཆུས་དང་། མེ་ཏོག་རྫོང་། སྤོ་བོ་རྫོང་བཅས་ཀྱིས་2023ལོ་ནས་2024ལོའི་དགུན་གསེང་གི་བུ་བཅོལ་འཛིན་གྲྭ་སྒྲིག་འཛུགས་བྱས་ནས་འཚོགས་པས་དགུན་གསེང་རིང་བུ་ཕྲུག་ལྟ་སྐྱོང་ཁག་པའི་གནད་དོན་ཐག་གཅོད་ཐུབ་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཚེས་ཞུས)