འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

༄༅།།གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་པའི་སྣེ་ཁྲིད་པ་གསོ་སྦྱོང་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 09:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2024ལོའི་གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་པའི་སྣེ་ཁྲིད་པ་གསོ་སྦྱོང་དང་དོ་དམ་པའི་གསོ་སྦྱོང་འཛིན་གྲྭ་ནས་ཤེས་རྟོགས་བྱུང་བར། 2024ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་གྲོང་གསེབ་པུས་གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་པའི་སྣེ་ཁྲིད་པ་དང་གྲོང་ཚོར་ལས་འགན་འཁུར་བ་དང་སློབ་ཆེན་སློབ་མའི་གྲོང་དཔོན་ལྟར་དོ་དམ་བྱེད་པའི་འདེམས་སྐོང་སློབ་མ་སོགས་ལ་ཁ་གཏད་པའི་དུས་ཐེངས་241གི་གསོ་སྦྱོང་འཛིན་གྲྭ་མཉམ་འབྲེལ་ཐོག་གཉེར་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། ཞིང་ལས་གྲོང་གསེབ་པུས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་གསོ་སྦྱོང་གི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བས་འདི་ལོའི་གསོ་སྦྱོང་འཛིན་གྲྭའི་ཐེངས་གྲངས་དང་མི་གྲངས་2023ལོ་ལས་10%ཙམ་འཕར་ཡོད། དེའི་དམིགས་ཡུལ་ནི་གསོ་སྦྱོང་བརྒྱུད་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་། འབྲུ་རིགས་མཁོ་སྤྲོད་འགན་ལེན། ཐོན་ལས་འཕེལ་རྒྱས། ཕྱུག་འགྱུར་སྣེ་ཁྲིད་བཅས་ཀྱི་སློབ་མའི་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་རྒྱུ་དང་སྣེ་ཁྲིད་པའི་དཔེ་སྟོན་སྣེ་ཁྲིད་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།

    ས་གནས་ཁག་གིས་གསོ་སྦྱོང་བྱེད་རིང་། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་ཧུར་ཐག་བྱས་ཏེ། བྱེད་སྟངས་གསར་གཏོད་ལེགས་གཏོང་དང་ལས་སྟེགས་དྲ་བ་ཚགས་དམ་དུ་བཏང་ནས་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་ཡོད། སློབ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་ས་གནས་ཁག་གི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གསོ་སྦྱོང་གི་ལས་འགན་འཁུར་མཁན་གྲོང་ཚོར་མཛུབ་ཁྲིད་བྱས་ཏེ། གཅིག་སྡུད་གསོ་སྦྱོང་དང་། འགྲེམས་སྟོན་འབྲེལ་མཐུད། རྗེས་སྙེག་ཞབས་ཞུ། དཔེ་སྟོན་སྣེ་ཁྲིད་སོགས་ཀྱི་ལྷུ་ཚིགས་བརྒྱུད། ཤེས་ལྡན་པ་གསོ་སྐྱོང་དང་། བསྡུ་རུབ། ཞབས་ཞུ་བཅས་ཀྱི་སྣ་མང་ཅན་གྱི་ལས་སྟེགས་བསྐྲུན་ནས་དུས་ཐུང་གསོ་སྦྱོང་འགོ་འཛུགས་ས་དང་ཡུན་རིང་མཛུབ་ཁྲིད་དང་རོགས་སྐྱོར་རྒྱུན་མཐུད་དེ་བྱེད་པའི་སྣེ་ཁྲིད་པ་གསོ་སྐྱོང་གི་ལམ་སྲོལ་རགས་ཙམ་ཆགས་ཡོད། 2023ལོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་ཁྲོད་སློབ་མའི་ཆ་སྙོམས་བློ་ཡིད་ཚིམ་ཚད་99.62%ཟིན་ཡོད་པ་རེད།