འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་8ཉིན།

རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས།

༄༅།།ཧུའུ་ནན་ཧྭ་རུང་རྫོང་གི་རགས་ཁ་ཤོར་བའི་ཉེན་ཆེའི་གནས་ཚུལ་ཐོན་ཡུལ་དུ་ལས་དོན་ཚོགས་ཆུང་མངགས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་08ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོར་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་གི་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུ་ཡི་ཆུ་རགས་དང་པོའི་རགས་ཁ་ཤོར་བའི་ཉེན་ཁ་ཐོན་པ་རེད། ཚེས་5ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འཕྲལ་སྡོམ་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚན་མོ་དེ་རང་ལ་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་བསྐྱོད་ནས་ས་གནས་ཀྱི་ཉེན་སེལ་རོགས་སྐྱོབ་ཐག་གཅོད་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཧུའུ་ནན་དུ་འབྲུབ་འགོག་གེགས་སེལ་ལ་མཛུབ་ཁྲིད་བྱེད་མུས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཡང་ས་གནས་ས་ཐོག་ཏུ་འབྱོར་བ་རེད།

   དེ་ཉིན་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་བསྟུད་མར་བཀོད་གཏོང་མཉམ་གྲོས་བྱས་ཏེ་ཉེན་སེལ་ཐག་གཅོད་ཀྱི་འཕེལ་རིམ་དང་དེ་བཞིན་སྟོབས་ཤུགས་དང་། དངོས་རྫས། སྒྲིག་ཆས་བཅས་ཀྱི་དགོས་མཁོར་རྗེས་འདེད་ཤེས་རྟོགས་བྱས་རྗེས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་800ལྷག་ཙམ་དང་། རླངས་འཁོར་146 གྲུ་གཟིངས་82བཅས་བཀོད་གཏོང་བྱས་ནས་ཛ་དྲག་རོགས་སྐྱོར་བྱས་པ་དང་། ཀྲུང་གོ་ཨན་ནེང་ཁྲང་ཧྲ་རྟེན་གཞིའི་རོགས་སྐྱོབ་མི་སྣ་50ཡིས་སྒྲིག་ཆས་ཆ་ཚང་30འཁྱེར་ནས་ས་གནས་ས་ཐོག་ཏུ་བཀག་སྡོམ་བྱེད་དུ་བཅུག་པ། ཆུ་ཐོག་ལས་གྲྭའི་རོགས་སྐྱོབ་ཁྲང་ཧྲ་རུ་ཁག་མདུན་གྱི་བཅའ་སྲུང་བྱ་ཡུལ་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོར་བྱེད་དུ་བཅུག་པ། ཐིག་ལེན་མི་མེད་གནམ་གྲུ་དང་རྒྱང་ཚོར་སྲུང་སྐར་ལ་རགས་ཁ་ཤོར་སའི་ཤུགས་རྐྱེན་ཐེབས་ཁུལ་གྱི་བརྙན་པར་བསྡུ་ལེན་བྱེད་དུ་བཅུག་པ་རེད།

   རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་དུས་འགོར་ཧུའུ་ནན་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་5.6གཏོང་སྤྲོད་བྱས་ཁར། ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ་5000གང་མྱུར་ཁ་སྣོན་བརྒྱབ་ནས། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།