འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 13:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩར་བརྟེན་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་གཞི་རྩའི་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ་དང་གནད་སྨིན་ཇུས་བསྟར་བྱེད་པ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྔོན་ཚུད་འོས་འཚམ་དང་གནད་སྨིན་ཤུགས་འདོན་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཟླ་5པའི་ཟླ་མཇུག་བར་བོད་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6455.7ཟིན་པ་དེ་དུས་མཚུངས་ལས་13.06%འཕར་བ་དང་རྒྱལ་ཡོངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་3.74ཡིས་མཐོ་བ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དངུལ་བུན་གྱི་བྱེད་པོ་དབྱེ་ནས་བལྟས་ན། ཁྱིམ་དུད་ཀྱི་དངུལ་བུན་དུས་མཚུངས་ལས་22.42%འཕར་བ་དང་། དངུལ་རྩ་མིན་པའི་ཁེ་ལས་དང་ལས་ཁུངས་ཚོགས་པའི་དངུལ་བུན་དུས་མཚུངས་ལས་10.72%འཕར་བ་དང་། ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་དུས་མཚུངས་ལས་32.75%འཕར་བས་བོད་ཀྱི་ཡིད་རྟོན་དངུལ་བུན་འཕར་བར་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དངུལ་བུན་ལས་རིགས་དབྱེ་ནས་བལྟས་ན། གཤམ་གསལ་ལས་རིགས་བཞིའི་ཡིད་རྟོན་དངུལ་བུན་གཏོང་ཚད་མཐོ་ཤོས་ཡིན་པ་སྟེ། ཨར་སྐྲུན་ལས་རིགས་དུས་མཚུངས་ལས་53.2%འཕར་བ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་དུས་མཚུངས་ལས་43.66%འཕར་བ། གྲོང་མིའི་ཞབས་ཞུ་དང་། ཉམས་གསོ་སོགས་དུས་མཚུངས་ལས་23.16%འཕར་བ། གློག་ཤུགས་དང་། ཚ་ཤུགས། འབར་རླངས་དང་དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་དུས་མཚུངས་ལས་23.11%འཕར་ཡོད་པ་རེད།