འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་དབྱར་དུས་ཀྱི་ལས་རིགས་རང་བཞིན་གྱི་ཚ་
གདུག་ཕོག་རྒྱུ་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའུ་ཐེན་ཁྲེང་། ཞུས་ཕེང་ཧང་།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཉེ་ཆར། རང་རྒྱལ་གྱི་བྱང་ཕྱོགས་སུ་དྲོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་ལྷོ་ཕྱོགས་སུ་དྲག་ཆར་ཟམ་མི་ཆད་པར་འབབ་བཞིན་ཡོད་པར། ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་བདེ་ཐང་གི་དྲན་སྐུལ་ཁྱབ་བསྒྲགས་བྱས་ཏེ། དབྱར་དུས་ཚ་གདུག་ཆེ་བའི་སྐབས་ངལ་རྩོལ་པས་ལས་རིགས་བདེ་ཐང་ལ་དོ་སྣང་བྱས་ནས་ལས་རིགས་རང་བཞིན་གྱི་ཚ་གདུག་ཕོག་རྒྱུ་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

   པེ་ཅིང་ཞེ་ཧོ་སྨན་ཁང་དོས་དྲག་ཚན་ཁག་གི་གཙོ་བཅོས་སྨན་པ་དཀའ་བཅུ་པ་ལིའུ་ཧྲོང་གིས“ཚ་གདུག་ཕོག་ན་ནད་གཞི་ཐོན་མགྱོགས་པོ་ཡོད། ནད་པ་མང་ཆེ་བར་མགོ་ཡུ་འཁོར་བ་དང་། མགོ་ན་བ། སྐྱུག་མེར་ལང་བ། དབུགས་བསྡམས་པ་སོགས་ཀྱི་ནད་རྟགས་ཡོད་པས། དུས་ཐོག་ཏུ་དྲོད་ཚད་དམའ་རུ་གཏོང་དགོས”ཞེས་བརྗོད་ཅིང་། ཁོང་གིས། ལས་རིགས་རང་བཞིན་གྱི་ཚ་གདུག་ཚབས་ཆེན་ལ་སྣང་ཆུང་བྱེད་མི་ཉན། དེ་རིམ་གྱིས་ངལ་རྩོལ་རིགས་ཀྱི་ཚ་གདུག་ནད་དུ་འགྲོ་ཉེན་ཡོད་ཅིང་། ནད་པའི་ལུས་དྲོད་ཇེ་ཆེར་འཕེལ་ནས་རིག་པ་མི་གསལ་བ་དང་ཤ་གནད་འཁུམ་པ། ཁྲག་ཤེད་དམའ་རུ་འགྲོ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད་པས། དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་སྲོག་ལ་ཉེན་ཁ་ཡོད། དྲོད་ཚད་མཐོ་བ་དང་བཞའ་ཚན་ཆེ་བའི་ཁོར་ཡུག་ཏུ་ཡུན་རིང་བསྡད་དེ་ཆུ་འདང་ངེས་མ་འཐུང་ན་རྔུལ་ཆུ་ཐོན་མང་བའི་དབང་གིས་ལུས་པོའི་ནང་གི་ཆུ་རྫོགས་པ་ནི་ཚ་གདུག་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞེས་བརྗོད་པ་རེད།

    ཚ་གདུག་ཕོག་རྗེས་མྱུར་སྐྱོབ་ཇི་ལྟར་བྱེད་དགོས་ཞེ་ན། རིགས་གཅིག་མཁས་ཅན་གྱིས། ཚ་གདུག་ཕོག་པའི་ནད་པ་དུས་ཐོག་ཏུ་རླུང་འགྲོ་ཡག་པ་དང་། བསིལ་བ། སྐམ་ཤས་ཆེ་བའི་ས་ཆར་སྤོ་བ་དང་། ཚ་གདུག་ཕོག་མཁན་གྱི་གྱོན་གོས་འཕུད་པའམ་ལྷོད་དུ་བཏང་ནས་ཚ་བ་སེལ་དགོས་པ་མ་ཟད། ཆུ་དང་ཚྭ་འོས་འཚམ་གསབ་དགོས། གལ་ཏེ་ནད་པ་བསྐྱུགས་ཚེ། འཕྲེད་ལ་ཉལ་དུ་བཅུག་ནས་དབུགས་འབྱིན་རྔུབ་ཡག་པོ་ཐུབ་པ་བྱེད་དགོས། གལ་ཏེ་ཚ་གདུག་ཕོག་པའི་ནད་རྟགས་ཡོད་ན། དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། སྐྱོབ་བཅོས་བྱེད་པར“ཚ་བ་བཅག་རྗེས་གཞི་ནས་བརྒྱུད་སྐྱེལ་དང་། ལམ་བར་དུ་མུ་མཐུད་ཚ་བ་གཅོག་དགོས་པའི”རྩ་དོན་ཁོང་དུ་ཆུད་དགོས་ཞེས་བཤད་པ་རེད།