འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་4ཉིན།

༄༅།།ཤང་ཀང་གིས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་27འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་04ཉིན། 10:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དར་ཆ་སྒྲེང་བའི་མཛད་སྒོ་དང་ཆང་སྟོན་འཚོགས་ཏེ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་27འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    སྔ་དྲོའི་ཆུ་ཚོད་8པར། དབན་ཙའེ་ཅིན་ཙི་ཅིང་ཐང་ཆེན་དུ་དར་ཆ་སྒྲེང་བའི་མཛད་སྒོ་འཚོགས་པ་རེད། ཤང་ཀང་ཉེན་རྟོག་པའི་དབྱིན་ལེ་རོལ་ཆ་རུ་ཚོགས་ཀྱིས་དཀྲོལ་བའི《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་རོལ་དབྱངས་ཀྱི་ཁྲོད་དར་སྲུང་རུ་སྟར་གྲུ་བཞིས་ཀྲུང་ལུགས་ཀྱི་གོམ་སྟབས་གྲལ་སྒྲིག་པོས་སྤོས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་ཅིན་ཙི་ཅིང་ཐང་ཆེན་དུ་སྲུང་སྐྱེལ་བྱས་པ་རེད།

    དེ་རྗེས་འཚོགས་པའི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་27འཁོར་བའི་རྟེན་འབྲེལ་ཆང་སྟོན་ཐོག་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་ཤིས་ཚིག་སྒྲོན་སྐབས། ཤང་ཀང་འདི་ཉིད་རིམས་ནད་རྗེས་ཀྱི་ཕྱོགས་ཡོངས་ནས་འགག་སྒྲོལ་སླར་གསོ་བྱུང་ཡོད། འདི་ལོ་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དོན་ཚན་23པ་ཁྲིམས་འཛུགས་བྱེད་པའི་རྩ་ཁྲིམས་སྲིད་ལུགས་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་ནས་ས་ཁུལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་ཕྱིན་པ་དང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། སྲིད་འཛིན་ཡན་ལག་ཁུལ་ཁག་བཅོ་བརྒྱད་ཀྱི་དོ་ཁུར་རུ་ཁག་གིས་ཀྱང་རིམ་པ་མི་འདྲ་བའི་ཐོག་ནས་གྲོང་མིར་རོགས་རམ་བྱས་པ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་དམངས་འཚོ་ལེགས་སུ་བཏང་ཡོད་ཅེས་བརྗོད་པ་རེད།