འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་2ཉིན།

༄༅།།ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་02ཉིན། 13:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་ཀྱི་མཁའ་དབྱིངས་ནས་པར་བརྒྱབ་པའི་ལྷ་གཞིས་རིམ་མཐོའི་གཞུང་ལམ་ཡིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་ཀྱི་མཁའ་དབྱིངས་ནས་པར་བརྒྱབ་པའི་ལྷ་གཞིས་རིམ་མཐོའི་གཞུང་ལམ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་30ཉིན། G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེ་གནམ་ཐང་དུམ་བུའི་རྣམ་གྲངས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་། ཤར་གཏོང་ཐུབ་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཚ་རགས་ཞབས་ཞུ་ཁུལ་དུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པ་དང་འབྲེལ། རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེ་གནམ་ཐང་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས། ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་དང་། གྲོང་ཁྱེར་གཉིས་དབར་རླངས་འཁོར་གྱི་ལམ་ཡུན་སྔོན་ཆད་རྒྱལ་ལམ་G318ལམ་ཐིག་ཏུ་བསྐྱོད་པ་དང་བསྡུར་ན་ཆུ་ཚོད་3ཙམ་ལས་འགོར་གྱི་མེད། མཚམས་འདིར་བོད་ཀྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་1196ཟིན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་245ཟིན་པའི་ཁྲོད། ལྷ་ས་གྲོང་ཁྱེར་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ལ་2011ལོའི་ཟླ་7པར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་38ཟིན་པ་དེ་ནི་བོད་ཀྱི་རིམ་མཐོའི་གཞུང་ལམ་དང་པོ་དེ་ཡིན་པ་དང་། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་པ་དང་པོའི་གཞུང་ལམ་ལ་2017ལོའི་ཟླ་9པར་རླངས་འཁོར་ཤར་གཏོང་ཐུབ་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་40ཡོད་པ་རེད། ད་ཐེངས་ཤར་གཏོང་ཐུབ་པའི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་དུམ་བུ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། ཁ་ཕྱོགས་གཉིས་ལ་འཁོར་ལམ་བཞི་ཡོད་པ། དུས་མཚམས་གཉིས་སུ་དབྱེ་ནས་ལག་བསྟར་བྱས་པ་སྟེ་དུས་ཐེངས་དང་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དང་དུས་ཐེངས་གཉིས་པའི་འགག་སྒྲོལ་རང་བཞིན་གྱི་ལས་གྲྭ་རེད།

ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་འབྲེལ་མཐུད་ཐུབ་པ་དེས་རང་རྒྱལ་གྱི་ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་ས་ཁུལ་གྱི་རིམ་མཐོའི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་། བོད་དང་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བ་ལེགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་པ། ལྷ་ས་གྲོང་ཁྱེར་ལྟེ་བར་བྱས་པའི“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་སྔར་བས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལམ་རྒྱུད་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད།

མཛད་སྒོ་འགོ་མ་ཚུགས་གོང་། རེན་ཝེ་དང་བཅས་པས་ད་དུང་རྣམ་གྲངས་ཀྱི་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་མ་ཟད། རྣམ་གྲངས་ཀྱི་གནས་ཚུལ་མདོར་བསྡུས་དང་ལས་གྲྭ་ལེགས་གྲུབ་བྱུང་ཚུལ་གྱི་ངོ་སྤྲོད་ཀྱང་གསན་པ་རེད།

(པད་ཆོས་ཀྱིས་བསྒྱུར། ལྷག་ཚེས་ཞུས)