འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་17ཉིན།

༄༅།།རྒྱང་སྐྱོད་བཅུ་པའི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བུ་རིམ་སྒུལ་ཤུགས་མ་ལག་གཅིག་ཚོད་གཏོང་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་17ཉིན། 14:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྲུང་གོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་གཙོ་བོ་བྱས་པའི་རྒྱང་སྐྱོད་བཅུ་པའི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བུ་རིམ་སྒུལ་ཤུགས་མ་ལག་གཅིག་ཟླ་6ཚེས་14ཉིན་ཚོད་གཏོང་ལེགས་གྲུབ་བྱུང་བ་རེད། ད་ཐེངས་ཀྱི་ཚོད་ལྟ་ནི་རྒྱང་སྐྱོད་བཅུ་པའི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་མ་ལག་རིམ་པའི་ས་ངོས་ཚོད་ལྟ་ཆེ་གྲས་ཐོག་མ་ཡིན་པ་རེད།

རྒྱང་སྐྱོད་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་རིམ་གསུམ་དང་ཕྱེད་ཀའི་མེ་ཤུགས་འཕུར་མདའ་ཡིན་པ་དང་། དེ་ནི་མི་ཞུགས་ཟླ་དཔྱད་ལས་གཞིར་ཞིབ་བཟོ་བྱས་པའི་མི་ཞུགས་འཕུར་གྲུ་རབས་གསར་པ་དང་ཟླ་ངོས་འབབ་ཆས་འཕེན་གཏོང་བྱ་ཆེད་ཀྱི་མེ་ཤུགས་འཕུར་མདའ་ཞིག་རེད།

སྒུལ་ཤུགས་མ་ལག་ཚོད་གཏོང་མེ་ཤུགས་འཕུར་མདའ་ནི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིབ་བཟོ་བྱེད་པའི་ཁྲོད་མ་ལག་མང་ཤོས་དང་། རྣམ་པ་རྙོག་འཛིང་ཆེ་ཤོས། དཀའ་ཚད་ཆེ་ཤོས་བཅས་ཀྱི་ས་ངོས་ཞིབ་བཟོ་ཚོད་ལྟ་ཞིག་རེད། རྒྱང་སྐྱོད་བཅུ་པའི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུཌ་འཕུར་མདའི་སྒུལ་ཤུགས་མ་ལག་ཚོད་གཏོང་བྱས་པ་དེ་ནི་བུ་རིམ་གཅིག་གི་YF-100Kསྒུལ་བྱེད་འཕྲུལ་འཁོར་གསུམ་དུས་གཅིག་ཏུ་མེ་སྤར་བ་དང་། རང་རྒྱལ་གྱི་ད་ལྟའི་དུས་མཚམས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་བརྒྱུད་རིམ་ནང་གཞི་ཁྱོན་ཆེ་ཤོས་ཀྱི་སྒུལ་ཤུགས་མ་ལག་ཚོད་གཏོང་བྱས་པ་ཞིག་རེད། ས་ངོས་ཀྱི་འདེད་ཤུགས་ཏུན་382ཟིན་པ་དེ་སྔའི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོད་ལྟ་ལས་ལྡབ་1.6ཙམ་འཕར་ཡོད། ད་ཐེངས་ཚོད་གཏོང་བྱས་པ་དེ་ཐོག་ནས་རྒྱང་སྐྱོད་བཅུ་པའི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ས་ངོས་ཚོད་ལྟ་ཞིབ་བཟོའི་མགྱོགས་ལམ་དུ་ཕྱོགས་ཡོངས་ནས་སྐྱོད་པ་མཚོན་ཡོད།