འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་17ཉིན།

༄༅།།RCEPགི་ནུས་པ་ཕྱོགས་ཡོངས་ནས་ཐོན་ཏེ་ལོ་གཅིག་འཁོར་བར་ཁུལ་ཁོངས་སྒོ་དབྱེའི་མཉམ་ལས་སྐས་རིམ་གསར་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་17ཉིན། 14:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་6པར《ཁུལ་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག》(RCEP)གི་ནུས་པ་ཕྱོགས་ཡོངས་ནས་ཐོན་ཏེ་ལོ་གཅིག་འཁོར་བ་རེད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། RCEPནི་འཛམ་གླིང་ཐོག་ཞུགས་མཁན་མི་འབོར་མང་ཤོས་དང་། དཔལ་འབྱོར་ཚོང་དོན་གྱི་གཞི་ཁྱོན་ཆེ་ཤོས། འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་རང་མོས་ཚོང་དོན་གྱི་ཆོད་ཡིག་ཅིག་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། RCEPཡི་ནུས་པ་ཕྱོགས་ཡོངས་ནས་ཐོན་པའི་ལོ་གཅིག་རིང་ཁུལ་ཁོངས་དེ་གའི་ཁྱབ་ཁོངས་སྔར་བས་ཆེ་བ་དང་། ཆུ་ཚད་སྔར་བས་མཐོ་བ། རིམ་པ་སྔར་བས་ཟབ་པ་བཅས་ཀྱི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བའི་ཡིད་ཆེས་དེ་བས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། 2023ལོར་RCEPཁུལ་ཁོངས་ནང་ཁུལ་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་5.6ཟིན་པ་དེ་ཆོད་ཡིག་གི་ནུས་པ་དངོས་སུ་མ་ཐོན་གོང་གི་2021ལོ་ལས་ཅུང་འཕར་བ་དང་། ཁུལ་ཁོངས་ནང་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་རེད། 2023ལོར་RCEPཁུལ་ཁོངས་ཀྱིས་ལྗང་སར་མ་འཇོག་ཁྱོན་ཨ་སྒོར་དུང་ཕྱུར་2341བྱ་རྒྱུའི་ཡིད་དབང་བཀུག་ནས་29.8%འཕར་བ་ནི་2021ལོའི་ལྡབ་2.2རེད།

རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བར་རམ་འདེགས་བྱས་ཤིང་། དངོས་ཟོག་ཚོང་དོན་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། 2023ལོར་རང་རྒྱལ་གྱིས་RCEPཡི་ཁོངས་མིའི་རྒྱལ་ཁབ་གཞན་དག་14ལ་ཁྱོན་སྒོར་དུང་ཕྱུར་ཁྲི་12.6ཕྱིར་གཏོང་ནང་འདྲེན་བྱས་པ་དེ་2021ལོ་ལས་5.3%འཕར་ཡོད། མ་འཇོག་མཉམ་ལས་རྒྱུན་མཐུད་ངང་འཕར་ནས་2023ལོར་རང་རྒྱལ་གྱིས་RCEPཁོངས་མིའི་རྒྱལ་ཁབ་གཞན་དག་ལ་དངུལ་རྩ་མིན་པའི་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་180.6ཟིན་པ་དེ་དུས་མཚུངས་ལས་26%འཕར་ནས་རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་མ་འཇོག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་14མཐོ་རུ་ཕྱིན་ཡོད། ཁེ་ལས་དེ་བས་མང་པོར་RCEPལས་ཁེ་སྤོགས་ཐོབ་ཡོད་པ་དང་། 2023ལོར་རང་རྒྱལ་གྱི་ཁེ་ལས་ཀྱིས་RCEPརྣམ་གྲངས་འོག་ནང་འདྲེན་བྱས་པའི་ཕན་པ་སྒོར་དུང་ཕྱུར་905.2ལོངས་སུ་སྤྱད་པ་དང་ཁྲལ་དངུལ་ཉུང་གཏོང་བྱེད་ཚད་སྒོར་དུང་ཕྱུར་23.6ཟིན་ཡོད།

གོམ་སྟབས་རྗེས་མར་ཚོང་དོན་པུས་RCEPལག་བསྟར་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། 2024ལོར་ཀྲུང་གོས་RCEPམཉམ་འབྲེལ་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ནུས་པ་འདོན་སྤེལ་གང་ལེགས་དང་ཕྱོགས་ཁག་གིས་ཆུ་ཚད་མཐོ་བའི་ཁ་ཆད་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཁུལ་ཁོངས་ཧྲིལ་པོར་ཆོད་ཡིག་ལག་བསྟར་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག ཁེ་ལས་ཀྱིས་RCEPསོགས་རང་མོས་ཚོང་དོན་ཆོད་ཡིག་གི་གཟིགས་སྐྱོང་བྱེད་ཐབས་བེད་སྤྱོད་ཡག་པོ་དང་འདང་ངེས་གཏོང་བར་མུ་མཐུད་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)