འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་16ཉིན།

༄༅།།རང་རྒྱལ་གྱིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་རྒྱ་ཆེར་བཏང་ནས་ཕྱི་རྒྱལ་གྱི་མཛོད་ཁང་གི་བཀོད་པ་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་16ཉིན། 11:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་ཚོང་དོན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དགུ་ཡིས་མཉམ་དུ《རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་རྒྱ་ཆེར་བཏང་ནས་ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་སིའི་འགན་འཁུར་བས། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་ཕྱི་རྒྱལ་གྱི་མཛོད་ཁང་སོགས་ཕྱི་ཕྱོགས་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་མཉམ་ལས་མཉམ་འགུལ་བྱས་ནས་བར་གྱི་ལྷུ་ཚིགས་ཉུང་དུ་ཕྱིན་པ་དང་འཛད་སྤྱོད་པར་ཐད་ཀར་འབྱོར་བ་དེས་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་གཞི་ཁྱོན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ལེགས་ཆ་གསར་པ་གཏོད་པར་ཡང་ཕན་ཐོགས་ཡོད་ཅེས་བཤད་པ་རེད།

    རྒྱལ་སྤྱིའི་ཁྲོམ་རའི་འཛད་སྤྱོད་དགོས་མཁོ་དང་འཚམ་པར་བྱས་ཏེ་རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་རྒྱུན་མཐུད་བརྟན་པོ་འཕར་ཡོད། འདི་ལོའི་དུས་ཚིགས་དང་པོར་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱིས་ཕྱིར་གཏོང་གི་བསྡུར་ཚད་7.8%བཟུང་ནས་ཕྱིར་གཏོང་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཚད་བརྒྱ་ཆའི་གྲངས་གཅིག་ཡན་ཟིན་ཡོད། རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་བྱེད་པོ་ཕུན་སུམ་ཚོགས་པ་དང་ཞབས་ཞུའི་དྲ་རྒྱ་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཁྱབ་ཡོད་མོད། འོན་ཀྱང་བྱེད་པོའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་པ། ལྟ་འདོམས་ཞབས་ཞུ་སྔར་བས་ལེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་དང་འགྲན་སློང་སྔར་བཞིན་འཕྲད་ཡོད། རྒྱབ་ལྗོངས་དེའི་འོག་ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཆེད་དོན་བརྟག་ཞིབ་བྱས་ནས་ལས་རིགས་ཀྱི་ཁེ་ལས་ཀྱི་རེ་འདུན་ལ་དམིགས་པའི་བསམ་འཆར་གྲུབ་པ་རེད།

    བསམ་འཆར་ནང་ཁྱོན་ཕྱོགས་ལྔའི་ཐད་ཀྱི་བྱ་ཐབས་དོན་ཚན་15ཚུད་ཡོད་པ་སྟེ།

རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ཤིང་། བྱེད་པོའི་ནུས་པ་འཛུགས་སྐྱོང་ལ་དམིགས་ནས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ནུས་སྤྲོད་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས“འགྲེམས་སྟོན་ལ་བརྟེན་ནས་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་བར”རྒྱབ་སྐྱོར་བྱས་ཏེ་ལས་རིགས་ཀྱི་རྩ་འཛུགས་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤུས་རྟགས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

    དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཤར་གཏོང་དང་། རྒྱལ་མཚམས་སྒྲོལ་བའི་མ་དངུལ་བསྡོམས་རྩིས་ཞབས་ཞུ་ལེགས་སུ་གཏོང་བ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་མ་གནས་དམའ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱིས་མ་དངུལ་བསྡུ་སྒྲིལ་བྱེད་པར་སྟབས་བདེ་སྐྲུན་དགོས།

འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་དང་ཟོག་འགྲེམས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་མཛོད་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཟོག་འགྲེམས་འགན་ལེན་ནུས་པ་ཆེ་རུ་གཏོང་བ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་འབྲེལ་ཡོད་ཁེ་ལས“ཕྱིར་སྐྱོད་པར”རོགས་རམ་བཅས་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

ལྟ་འདོམས་དང་ཞབས་ཞུ་ལེགས་སུ་གཏོང་དགོས་ཤིང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ལྟ་འདོམས་ལེགས་སུ་གཏོང་བ་དང་། རྒྱལ་མཚམས་སྒྲོལ་བའི་གྲངས་གཞི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཁོར་ཡུག་བཟང་པོ་སྐྲུན་དགོས།

    ཚད་གཞི་དང་སྒྲིག་ལམ་འཛུགས་སྐྱོང་དང་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱེད་དགོས་ཤིང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ཚད་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།