གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་14ཉིན། 15:52】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གསར་འགོད་པ་ཞིག་གིས། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་12ཉིན་ཨ་རིའི་ནོར་སྲིད་པུས་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་བཀག་སྡོམ་བྱ་ཐབས་རེས་སྐོར་གསར་པ་ཁྱབ་བསྒྲགས་བྱས་པ་དེ་ཨུ་རུ་སུ་དང་རྒྱལ་ཁབ་གཞན་དག་ནས་ཡོང་བའི་དངོས་ཚན་དང་སྒེར་པ་300ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
མགྲིན་ཚབ་པ་ལིན་ཅན་གྱིས་བཤད་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པ་དང་། ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་བྱེད་པར་རང་ངོས་ཀྱི་གཏིང་གི་གཏན་ཚིགས་དང་ཆོག་འཐུས་ཆེན་པོ་ལྡན་པས་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད། ཁྲིམས་འགལ་གྱི་ཕྱོགས་རྐྱང་པའི་བཀག་སྡོམ་དང་དཔུང་རིང་གི་དོ་དམ་བྱེད་ཁོངས་གང་རུང་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་རྒྱུན་ལྡན་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་བཀག་འགོག་དང་གཏོར་བཤིག་གཏོང་མི་རུང་ལ། ཀྲུང་གོར་ཉེས་འགེལ་གྱི་ལག་ཆ་ཞིག་ཏུ་དེ་བས་ཀྱང་འགྱུར་མི་རུང་། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་སུ་ཞིག་གིས་སྐད་ཆ་ཤོད་རེས་དང་ཞི་བདེ་བརྩོན་ལེན་བྱ་རྒྱུའི་རེ་འབོད་བྱེད་པ་དང་། སུ་ཞིག་གིས་ཤིང་བུད་གྲི་སྤྲོད་ཀྱི་འགྲན་རྒོལ་སྐུལ་སློང་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་གསལ་རེད།
ལིན་ཅན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་མིན་ལ་དོ་བདག་ཕྱོགས་ཀྱང་མིན། ཉེས་འགེལ་དང་གནོན་ཤུགས་སྤྲོད་པ། ཉེས་དོན་གཞན་འགེལ་བྱེད་རིགས་དང་ལེན་གཏན་ནས་མི་བྱེད། ང་ཚོས་ཨ་རི་ཕྱོགས་ལ་ཁྲིམས་འགལ་གྱི་ཕྱོགས་རྐྱང་པའི་བཀག་སྡོམ་གང་བྱུང་དུ་བྱེད་མཚམས་འཕྲལ་མར་བཞག་ནས་དམག་མཚམས་འཇོག་རྒྱུ་དང་། དམག་འཁྲུག་མཚམས་འཇོག་དང་ཞི་བདེ་སླར་གསོ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན། ང་ཚོས་དགོས་ངེས་ཀྱི་བྱེད་ཐབས་འགའ་ཞིག་ཀྱང་སྤྱད་དེ་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བརྟན་པོར་བྱ་རྒྱུ་ཡིན།