འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་14ཉིན།

༄༅།།གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་འབྲོག་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་14ཉིན། 10:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁའེ་ཞོན་དང་། ཀྲང་ཁྲེང་། ཅ་ཧྥེང་ཧྥེང་།

   ལྟ་ཀློག་གཙོ་བོ།

   2023ལོའི་ཟླ་12པར་རྒྱལ་ཁབ་རིག་དངོས་ཅུས་གཞུང་ལས་ཁང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག《གསར་བརྗེའི་རྩྭ་ཐང་ཡག་པོ་བསྐྲུན་ནས་གསར་བརྗེའི་རིག་དངོས་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། གསར་བརྗེའི་རྩྭ་ཐང་གི་མ་ལག་གཏོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་བརྗེའི་རྩྭ་ཐང་སྲུང་སྐྱོང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་གྲོས་འགོ་བཏོན་པ་རེད། ཉེ་བའི་ལོ་ཤས་རིང་ས་གནས་མང་པོས་རྩྭ་ཐང་ས་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་རྩྭ་ཐང་འབྲོག་ཁུལ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།

   རྩྭ་ཐང་དུ་གྲངས་འབོར་ཧ་ཅང་མང་བའི་གསར་བརྗེའི་གནས་རྙིང་ཁྱབ་ཡོད། རྩྭ་ཐང་སྟེང་གི་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་པ་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་པའི་དོགས་འདྲི་འཆང་བཞིན་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།

   ཐོན་ཁུངས་ལ་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་སྲུང་སྐྱོང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ།

   རི་བོ་མཐོན་པོ་མུ་ལ་མུ་ཁྱུད་དུ་ཆགས། རླངས་འཁོར་བཏང་སྟེ་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་དུ་སྐྱོད་སྐབས་ལམ་ཐག་ཧ་ཅང་རིང་པོ་འདུག རི་ཚོགས་མང་པོ་བརྒལ་རྗེས་གཞི་ནས་ཧུང་ཡོན་དུ་སླེབས། དེ་མུར་མུ་མཐའ་མེད་པའི་རྩྭ་ཐང་མིག་ལམ་དུ་འཆར་སྐབས་མི་རྣམས་ལ་སུམ་རྩེན་ཡུལ་ལ་འཕོས་པ་ལྟར་གྱི་སྣང་བ་ཞིག་སྟེར་གྱི་འདུག

    ཧུང་ཡོན་ཞེས་པའི་ཐོག་མའི་གོ་དོན་ནི“དམར་དམག་བསྐྱོད་པའི་རྩྭ་ཐང་ཆེན་པོར”གོ་བ་དང་། ཡངས་པའི་ས་གཞི་དེའི་ཐོག་དཀའ་ངལ་དང་ཉེན་ཁར་མི་སྐྲག་པར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་མྱོང་བའི་དམར་དམག་གི་ལོ་རྒྱུས་ཀྱི་རྗེས་ཤུལ་ཡོད།

    ཧུང་ཡོན་རྫོང་གི་ཏང་གི་ལོ་རྒྱུས་དང་ས་གནས་རྒྱས་བཤད་རྩོམ་སྒྲིག་ལྟེ་གནས་ཀྱི་ཀྲུའུ་རེན་རྡོར་སེང་གིས་ལམ་ཆས་བསྡོགས་ནས་སླར་ཡང་བཅར་འདྲིའི་ལམ་དུ་ཆས། “དེ་དུས་དམར་དམག་བྲེལ་འཚུབ་ངང་རྩྭ་ཐང་སྒྲོལ་དགོས་བྱུང་བས་ལོ་རྒྱུས་དང་ས་གནས་ཀྱི་རྒྱས་བཤད་ནང་དེའི་སྐོར་ཉུང་ཉུང་ལས་མེད། གལ་སྲིད་དུས་ཐོག་ཏུ་སྔོག་འདོན་མ་བྱས་ཚེ་གཏམ་རྒྱུད་མང་པོ་ཞིག་ལོ་ཟླའི་སུབ་ཁ་ནས་ཡལ་ངེས་རེད”ཧུང་ཡོན་རྫོང་གིས་རི་ཐང་བརྟག་དཔྱད་རུ་ཁག་བཙུགས་ནས་ས་ཁོངས་ནང་གི་གསར་བརྗེའི་ཐོན་ཁུངས་གསལ་རྟོགས་བྱེད་བཞིན་ཡོད་ཅིང་། རྡོར་སེང་གིས་ལས་ཀ་དེ་བསྒྲུབས་ནས་ལོ་10ལྷག་ཙམ་སོང་ཡོད།

    རྡོར་སེང་གིས་ས་བབ་མཐོ་ཤོས་དང་གྲང་ངར་ཆེ་ཤོས་ལམ་ཐག་རིང་ཤོས་ཀྱི་འབྲོག་སར་བསྐྱོད་མྱོང་ལ་སྐབས་རེ་རྗེས་ཤུལ་འཚོལ་བ་དང་བཅར་འདྲི་བྱེད་པར་ཟླ་བ་ཁ་ཤས་འགོར་གྱི་ཡོད། འོན་ཀྱང་ཁུངས་སྣེ་ཉུང་ཤས་ལས་རྙེད་ཀྱི་མེད། “ཡུལ་མི་ཞིག་གི་ཁྱིམ་ལ་བཅར་འདྲི་བྱེད་སྐབས་ཨ་མ་རྒན་མོས་དམར་དམག་ལུང་ཟི་ཐང་གི་ཉེ་འགྲམ་དུ་དམག་འཐབ་བྱེད་མྱོང་ཡོད་ཅེས་བཤད་པས། ཁུངས་སྣེ་དེ་ཤེས་སྐབས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང”

   གསར་བརྗེའི་ཐོན་ཁུངས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱེད་པར་རྐང་ཐང་མར་ཡང་སེ་སྐྱོད་དགོས་ལ་ཞིབ་དཔྱད་དང་བརྟག་དཔྱད་གཟབ་ནན་ཡང་བྱེད་དགོས། “ལུང་ཟི་ཐང་གི་དམག་འཐབ་སྐོར་ལ་ཞིབ་དཔྱད་བྱ་ཆེད། ང་ཚོས་སྔ་རྗེས་སུ་རྒན་རྒོན་50ལྷག་ཙམ་ལ་བཅར་འདྲི་བྱས་པ་ཡིན”རྡོར་སེང་དང་ལས་རོགས་ཚོས་ཐེངས་མང་ས་ཆ་དངོས་ལ་རྩད་ཞིབ་བྱེད་པར་སྐྱོད་སྐབས་དམག་འཐབ་སོགས་ཀྱི་རྗེས་ཤུལ་རྙེད་ཡོད། དེ་རྗེས་ཚད་ལྡན་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ལ་བཀའ་འདྲི་ཞུས་ཤིང་། ལོ་མང་འབད་འཐབ་བྱས་པ་བརྒྱུད། མཐར་ལུང་ཟི་ཐང་གི་དམག་འཐབ་ཀྱི་རྗེས་ཤུལ་གཏན་འཁེལ་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་གིས་སྔ་རྗེས་སུ་གསར་བརྗེའི་ཐོན་ཁུངས་ཀྱི་ཆེད་དོན་ཁ་གསབ་བརྟག་དཔྱད་ཞིབ་དཔྱད་ཐེངས་ལྔ་བྱས་ནས་དམར་དམག་རྒྱང་སྐྱོད་བྱས་མྱོང་བའི་རྩྭ་ཐང་གི་དཔུང་སྐྱོད་ལམ་ཐིག་ཞིབ་ཕྲ་བཀོད་པ་དང་། 《ཧུང་ཡོན་རྫོང་གི་རྒྱང་སྐྱོད་ཚད་ལྡན་ཡིག་ཆ་ཕྱོགས་བསྒྲིགས》དང《དམར་དམག་རྒྱང་སྐྱོད་བྱེད་རིང་བརྒྱུད་པའི་རྩྭ་ཐང་ཆེན་པོ—ཧུང་ཡོན》སོགས་ཀྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་བཟོ་བཅོས་བརྒྱབ་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་ཞིབ་འཇུག་ལ་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱས་ཡོད།

སྐབས་རེ་སྤྲིན་ནག་ལང་ལོང་དུ་འཁྲིགས་པ་དང་། སྐབས་རེ་ལྷགས་པ་ཤུགས་ཆེན་རྒྱག་གི་ཡོད། རྩྭ་ཐང་ཁུལ་གྱི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས་རིག་དངོས་སྲུང་སྐྱོང་ལ་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད།

   རི་མཐོ་གཡང་གཟར་གྱི་བར་དུ་གཡག་ཆད་ལ་ཁའི་དམར་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ལྷིང་འཇགས་ངང་འགྱིང་ངེར་གནས་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་དམར་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ཡིན། རི་མཐོ་གཡང་གཟར་གྱི་ཨར་ལས་ཁོར་ཡུག་གི་དཀའ་ངལ་ཁྱད་བསད་བྱས་ཏེ་ཧུང་ཡོན་རྫོང་གིས་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་དང་། རྡོ་རྩིག ས་ངོས་ཀྱི་རྡོ་གཅལ་སོགས་ལ་མུ་མཐུད་ཉམས་གསོ་དང་སྲུང་སྐྱོང་བྱས་ཡོད། “ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་ཐོལ་བྱུང་དང་གློ་བུར་དུ་ཐོན་སྲིད་པའི་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ཐབས་ཇུས་སྔོན་ནས་འདིང་བ་དང་དུས་མཚུངས་རྒྱུན་གཏན་གྱི་སྐོར་སྲུང་དང་ཞིབ་བཤེར་བཟོ་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་མངོན་མེད་རྐྱེན་ངན་འཕྲལ་མར་སེལ་གྱི་ཡོད” ཧུང་ཡོན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་ཆོས་འཕེལ་གྱིས། ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་གིས་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ནས་གཡག་ཆད་ལ་ཁའི་དམར་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་རིག་དངོས་སྲུང་སྐྱོང་ཉམས་གསོ་དང་ལྷ་རྒྱལ་གླིང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་རྣམ་གྲངས་5འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། “སླར་ཡང་རྒྱང་སྐྱོད་ལམ་དུ་བསྐྱོད་པ་དང་རྩྭ་ཐང་བརྒལ་བའི”གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཧུར་ཐག་བཏོད་ནས། གསར་བརྗེའི་རིག་དངོས་དེ་མི་རྣམས་ཀྱིས་སྔོན་བྱོན་མེས་པོ་དང་སྔོན་གཤེགས་དཔའ་བོར་གདུང་མཇལ་ཞུ་བ་དང་རྒྱང་སྐྱོད་སྙིང་སྟོབས་མྱོང་ཚོར་བྱེད་པའི་རིག་གནས་ཀྱི་ས་ཁམས་མཚོན་རྟགས་སུ་འགྱུར་བར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

   གསར་བརྗེའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ།

    རང་རྒྱལ་གྱི་བྱང་རྒྱུད་དུ་གནས་པའི་མིང་ཨན་རྩྭ་ཐང་དུ་རླུང་བུ་ལྡང་ཞིང་། ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ནས་རླངས་འཁོར་བཏང་སྟེ་ཆུ་ཚོད་ཁ་ཤས་སོང་རྗེས་གཞི་ནས་ཏར་ཧན་མའོ་མིང་ཨན་མཉམ་འབྲེལ་ཆི་མིང་ཨན་གྲོང་རྡལ་ཤིས་ལ་ཁྲའོ་ལུའུ་ཀ་ཁྲར་འབྱོར། མིག་མདུན་དུ་ལོ་ཟླའི་རྗེས་ཤུལ་གྱིས་ཁེངས་པའི་ས་ཕག་གི་ཁང་པ་རྙིང་པ་ཞིག་ཡོད་པ་དེའི་ཁ་ལྷོ་ཕྱོགས་སུ་གཏད་པ་དང་མུ་མཐའ་མེད་པའི་མིང་ཨན་རྩྭ་ཐང་སྟེང་ཧ་ཅང་མངོན་གསལ་དོད། དེ་ནི་རྩྭ་ཐང་གི་དཔའ་བོ་གཅེན་གཅུང་ལུང་མེ་དང་ཡུས་རུང་གི་སྡོད་གནས་རྙིང་པ་རེད།

   གསར་བརྗེའི་སྙིང་སྟོབས་མཚོན་པའི་རྩྭ་ཐང་དེར་སྲུང་སྐྱོང་ཡག་པོ་བྱ་ཆེད། ཏ་མའོ་མཉམ་འབྲེལ་ཆི་ཡིས་ས་གནས་དེ་གའི་རྩྭ་ཐང་གསར་སྦོལ་དང་སྔོག་འདོན་བྱ་སྤྱོད་ལ་ཚོད་འཛིན་ནན་པོ་བྱས་ཏེ་རྩྭ་ཐང་སྲུང་སྐྱོང་དང་། རྩྭ་ཕྱུགས་དོ་སྙོམས། ཕྱུགས་བཀག་ནས་རྩྭ་ར་གསོ་བ་དང་། རྩྭ་ཁ་རེས་སྐོར་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་བརྟན་པོའི་རང་བཞིན་སྲུང་སྐྱོང་བྱས་ཡོད།

    གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱེད་པ་དེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ལེགས་ཆར་གྱུར་ཡོད། གསར་བརྗེའི་ཡུལ་སྐོར་གྱིས་རྩྭ་ཐང་གི་འབྲོག་པ་ཚོར་ཕན་པ་དེ་བས་མང་བ་ཐོབ་ནས་འབྲོག་པ་ཚོས་ཕྱུགས་བཀག་ནས་རྩྭ་ར་གསོ་བའི་སྲིད་ཇུས་དང་ལེན་ཧུར་ཐག་བྱེད་ཀྱི་ཡོད། “ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ང་ཚོའི་རྩྭ་ཐང་གི་ལུག་ཤ་ཉོ་འདོད་པའི་ཡུལ་སྐོར་བའང་མང་དུ་འགྲོ་བཞིན་འདུག རྩྭ་ཐང་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་ལུག་ཤ་ཤེད་རྒྱས་ཐུབ”ཅེས་ཤིས་ལ་ཁྲའོ་ལུའུ་ཀ་ཁྲའི་འབྲོག་པ་ཨ་ལ་ཐེང་པི་ལི་ཀེ་ཡིས་འཛུམ་དམུལ་དམུལ་ངང་བཤད།

    “ཉེ་བའི་ལོ་ཤས་རིང་ང་ཚོས་མིང་ཨན་རྩྭ་ཐང་ལ་རྩྭ་རིགས་ལེགས་བཅོས་དང་མིས་བཟོས་རྩྭ་ར་ཉམས་གསོ་ཧུར་ཐག་བྱས་པ་དང་རྨོ་མི་དགོས་པར་འདེབས་འཛུགས་བྱེད་པའི་བྱ་ཐབས་བརྒྱུད་ས་གནས་དེ་གར་འཚམ་པའི་རྩྭ་སྣ་ཚོགས་འདེབས་འཛུགས་བྱས་ཡོད། མིག་སྔར་རྩྭ་ཐང་དཔའ་བོ་གཅེན་གཅུང་གི་སྡོད་གནས་རྙིང་པའི་མཐའ་འཁོར་དུ་རང་བྱུང་རྩྭ་ཐང་མུའུ་ཁྲི་1ལེགས་བཅོས་དང་མིས་བཟོས་རྩྭ་ཐང་མུའུ་900བསྐྲུན་ཡོད”ཅེས་ཏ་མའོ་མཉམ་འབྲེལ་ཆི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་ལི་མིང་གིས་ངོ་སྤྲོད་བྱས། འདི་ལོ་ཆི་དེས་སྐྱེ་ནུས་ཉམས་པའི་རྩྭ་ཐང་མུའུ་ཁྲི་1.48མི་ཐབས་ལ་བརྟེན་ནས་ཉམས་གསོ་བྱ་རྩིས་ཡོད་པ་རེད།

    རྩྭ་ཐང་གི་སྐྱེ་ཁམས་ལེགས་སུ་ཕྱིན་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག “མིང་ཨན་རྩྭ་ཐང་ཐོག་གསར་བརྗེའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། རྩྭ་ཐང་གི་དཔའ་བོ་གཅེན་གཅུང་ཕུད་ད་དུང་པའེ་ལིང་ལྷ་ཁང་གི་རི་འགོག་དྲག་ཆས་ཀྱི་དྲག་པོའི་གྱེན་ལངས་དང་། སེམས་ནུས་ཡོད་རྒུས་པའོ་ཐུའོ་ངར་ལྕགས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་བསྐྲུན་པ། ‘དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་ཡོང’སོགས་བརྗོད་དོན་གཙོ་བོར་བྱས་པའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་འཆར་འགོད་བྱས་ཡོད། ‘གསར་བརྗེ་དང་སྐྱེ་ཁམས་ཟུང་འབྲེལ’དང‘ཡུལ་སྐོར་དང་། རྣམ་པ། སློབ་ཁྲིད’བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ཐོག་ནས་ས་ཆ་མང་པོའི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་ཡོད”ཅེས་ནང་སོག་ཞིང་ལས་རིག་གནས་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཡོན་ཏིས་ངོ་སྤྲོད་བྱས།

    “རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་གསར་བརྗེའི་ཐོན་ཁུངས་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་ཐུབ་པ་དང་མི་རྣམས་ཀྱིས་གསར་བརྗེའི་རིག་གནས་ལ་མྱོང་རོལ་བྱེད་ཀྱིན་དུ་ལྗང་མདོག་སྐྱེ་ཁམས་ལ་མྱོང་རོལ་བྱེད་ཐུབ”ཅེས་ཏིང་ལི་པིང་གིས་བཤད།

    གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ།

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁུལ་ནས་ཐོན་ཏེ་ཅིང་བོད་མྱུར་བགྲོད་གཞུང་ལམ་བརྒྱུད་ནུབ་ཕྱོགས་སུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བསྐྱོད་ན། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གི་གསེར་དངུལ་ཐང་རྩྭ་ཐང་དུ་སླེབས་ཀྱི་ཡོད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་ཞིང་། འདུ་འཛི་དང་བྲལ་ལ་ཡངས་ཤིང་རྒྱ་ཆེ་བས་ལྟ་བས་མི་ངོམ། ཧོབ་སྟེ་བལྟས་ཚེ་དེ་གའི་ས་མཐོའི་ཡུལ་ལྗོངས་ལ་དམིགས་བསལ་གང་ཡང་མེད་མོད། འོན་ཀྱང་བརྗིད་ཆགས་ཤིང་འགྱིང་ངེར་གནས་པའི་རྡུལ་ཕྲན་གྲོང་དྲན་གསོ་ཁང་གིས་གནས་དེ་གར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་གསལ་ལེར་མངོན།

    “ལོ་60ལྷག་ཙམ་གོང་ལས་གཏོད་པ་ཁྲི་ཁ་ཤས་ཀྱིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་གསེར་དངུལ་ཐང་རྩྭ་ཐང་དུ་བསྐྱོད་དེ་རྟེན་གཞི་བསྐྲུན་པ་དང་ཚན་རིག་རྟོག་ཞིབ་བྱས་པ་མ་ཟད། དཀའ་སྤྱད་འབད་བརྩོན་གྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ‘མདེལ་གཉིས’ཞིབ་འཇུག་དང་གསར་བཟོ་བྱེད་པའི་ངོ་མཚར་བཏོད་པ་དང་། ‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བྱས་པ། ཉམས་པ་མེད་པའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཏོད་ཡོད”ཅེས་རྡུལ་ཕྲན་གྲོང་དྲན་གསོ་ཁང་གི་གསལ་འགྲེལ་པ་ཝང་ཀྲི་ལིང་གིས་གསལ་འགྲེལ་བྱས་པ་དང་ཆབས་ཅིག་བརྗེད་པར་དཀའ་བའི་ལོ་རྒྱུས་དུམ་བུ་ཞིག་ག་ལེར་དྲན་པའི་ངོས་སུ་འཆར་ནས་རྐང་འོག་གི་ས་གཞི་འདིའི་རིན་ཐང་ཆེ་ཆུང་ངང་གིས་ཚོར་བྱུང་།

    འགྲེམས་ཁྱོན་ལ་སྨི་ངོས་གྲུ་6015ཟིན་པའི་རྡུལ་ཕྲན་གྲོང་དྲན་གསོ་ཁང་ནི་གསེར་དངུལ་ཐང་རྩྭ་ཐང་གི་སྒོ་འབྱེད་ལྡེ་མིག་ལྟ་བུ་རེད། ཝང་ཀྲི་ལིང་གིས“འགྲེམས་སྟོན་ཁང་དུ་འདྲ་པར་600ལྷག་ཙམ་དང་གསར་བརྗེའི་རིག་དངོས་ཁག་900ལྷག་ཙམ་ཡོད་པ་དང་། འོད་བརྙན་ལག་རྩལ་གསར་ཤོས་སྤྱད་ནས་སྐབས་དེའི་ལག་ལེན་བརྒྱུད་རིམ་གྱི་ཡུལ་ལྗོངས་ཧྲིལ་པོ་སྟོན་གྱི་ཡོད་ཅིང་། ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད”ཅེས་དང“ང་ཚོས་ད་དུང་གསར་བརྗེའི་ཡུལ་སྐོར་དེ་ཞིབ་སློབ་དང་སྒྲོག་འགྲེལ་སོགས་དང་ཟུང་འབྲེལ་བྱས་ནས་གནས་ཚུལ་དངོས་མཚོན་གྱི་ཏང་གི་སློབ་ཚན་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་22ལ་ཁྱབ་པར་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    གསར་བརྗེའི་རིག་དངོས་ལ་བསམ་པའི་རེ་སྙེག་ཟབ་མོ་ཡོད་པ་དེ་ལས་ཐུན་མོང་མ་ཡིན་པའི་སྙིང་སྟོབས་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཀྲོའུ་ཡིས་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཡོད།

    དེ་སྔའི་ཚན་རྩལ་ཐོག་ཁང་དང་། དཔེ་མཛོད་ཁང་། གློག་བརྙན་ཟློས་གར་ཁང་སོགས་མཚོན་བྱེད་རང་བཞིན་གྱི་ཁང་པ་11དང་དེ་བཞིན་ཡན་ལག་བཟོ་གྲྭ་གཉིས་པ་དང་ཧྲང་ཤིང་ས་ཚིགས་སོགས་རིག་དངོས་ཀྱི་རིན་ཐང་ཅུང་ཆེ་བའི་སྒྲིག་ཆས་ཁག་གཅིག་ཉམས་གསོ་དང་སྲུང་སྐྱོང་ཐུབ་ཡོད་པ་རེད། “མདེལ་གཉིས་སྐར་གཅིག”གི་འབྲེལ་ཡོད་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐོ་དེབ་ལ་འགོད་པ་དང་མཛོད་འཇུག་སྲུང་སྐྱོབ་བྱེད་པ་དང་དུས་མཚུངས་གདམ་གསེས་གཞན་སྒྱུར་དང་འགྲེམས་སྟོན་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་ལ་གསོན་ཤུགས་རྒྱས་པར་བྱས་ནས་རིག་དངོས་ཀྱི་ལོ་རྒྱུས་ར་སྤྲོད་ཀྱི་རིན་ཐང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནུས་པ་ཏན་ཏིག་འདོན་གྱི་ཡོད།

    “ང་ཚོས་སྔ་རྗེས་སུ་རྟེན་གཞིའི་གནས་རྙིང་ལ་སྲུང་སྐྱོབ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་བཅོས་སྒྲིག རྡུལ་ཕྲན་གྲོང་དྲན་གསོ་ཁང་སྒྱུར་བཀོད་ལེགས་གཏོང་། ནུབ་མཚོའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་སོགས་ལེ་ལག་ཚང་བའི་རྣམ་གྲངས་25བསྡུ་སྒྲིལ་བྱས་ནས་རྟེན་མཛོད་ཁང་དང་དྲན་གསོ་ཁང་སོགས་རིག་གནས་ཁང་གི་སྒྲིག་བཀོད་སྣ་ཚོགས་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་ནང་བཅུག་པ་དང་དུས་མཚུངས‘གསར་བརྗེ+N’ཡི་ཞིབ་སློབ་སློབ་ཚན་གསར་སྤེལ་དང་གསར་བརྗེའི་ཞིབ་སློབ་བྱ་ཡུལ་གྱི་སློབ་ཁྲིད་ས་ཚིགས་31བཏོད་ཡོད། གོམ་སྟབས་རྗེས་མར་ང་ཚོས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གསར་བརྗེའི་ཐོན་ཁུངས་ཀྱི་ནུས་པ་དང་བེད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་གི་ཡིན”ཞེས་མཚོ་བྱང་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུན་ཤིའུ་ཙུང་གིས་བཤད།