འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་12ཉིན།

༄༅།།ཨུ་རུ་སུའི་སྨྱན་སྦྱོར་གཙོ་བོའི་གསར་འགོད་པ་བོད་དུ་བཅར་འདྲིར་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་12ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་6ཚེས་5ནས་ཚེས་9ཉིན་བར། 《མོ་སི་ཁོའི་གུང་གཞོན་ཚོགས་པའི་ཚགས་པར་》དང་།《ཨུ་རུ་སུའི་ཚགས་པར།》 ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་སོགས་ཨུ་རུ་སུའི་སྨྱན་སྦྱོར་གཙོ་བོ་11ལས་གྲུབ་པའི་གསར་འགོད་པའི་ཚོགས་པས་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ་བཅས་སུ་རྟོག་ཞིབ་དང་འཚམས་འདྲི་བྱས་པ་དང་། ཉིང་ཁྲི་སྨན་གླིང་གྲོང་ཁྱེར་ཤོ་དགའ་གྲོང་ཚོ་དང་། ལྷ་སའི་ཉིང་རྩིས་ཚན་རྩལ་གཞི་གྲངས་ལྟེ་གནས། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མངགས་བཅོལ་ཞབས་ཞུ་ལྟེ་གནས། ཐབ་ཚང་གི་མཁོ་ཆས་སོགས་ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོར་བསྐྱོད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྲོལ་རྒྱུན་རིག་གནས་དང་གསར་གཏོད་འཕེལ་རྒྱས། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་གྲུབ་འབྲས་མྱོང་ཚོར་བྱས་པ་རེད།
   གསར་འགོད་པའི་ཚོགས་པས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་ཆུང་དང་པོར་བསྐྱོད་དེ། བོད་ཡིག་སློབ་ཁྲིད་ཀྱི་ཕྲུ་གུ་ཚོའི་དཔེ་ཀློག་དང་བོད་སྐད་བོད་ཡིག་རོལ་མྱོང་བྱས་པ། ལུས་རྩལ་ཐང་དུ་ཕྲུ་གུ་ཚོའི་དྲག་རྩལ་གྱི་རྨང་གཞིའི་རྩལ་ནུས་ཕུབ་གྲིའི་རྩལ་དང་མདའ་འཕེན་གྱི་སྲོལ་རྒྱུན་དམངས་སྲོལ་བྱེད་སྒོར་བལྟས། སྒྱུ་རྩལ་འགྲེམས་སྟོན་ཁང་དུ་སྒྲ་ཉན་དཀྲོལ་བའི་སྟོན་མོར་རོལ་མྱོང་བྱས་པ་རེད།
    ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་རྒྱ་ཡིག་ཆ་འཕྲིན་ཆེད་སྤྱོད་རྩོམ་སྒྲིག་པུའི་ཀྲུའུ་རེན་ཕུའུ་ལ་ཅི་སྨིར་·ཕ་ཕུའུ་ལུའོ་ཕུའུ་ཡིས་“ང་ནི་ཉིང་ཁྲིར་ཡོང་བ་ཐོག་མ་ཡིན། གྲོང་ཁྱེར་ཧ་ཅང་མཛེས་པོ་འདུག་པས། ང་ཧ་ཅང་དགའ་བྱུང་། ཨུ་རུ་སུ་པ་མང་པོ་ཡུལ་སྐོར་དུ་ཡོང་རེ་བྱེད་བཞིན་ཡོད་ཟེར། 
    བོད་ལྗོངས་གསོ་རིག་སློབ་ཆེན་དུ་གསར་འགོད་པའི་ཚོགས་པས་བོད་སྨན་གྱི་ནད་བཅོས་ཉམས་ལེན་བྱས་པ་དང་། ཨུ་རུ་སུའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུའོ་ལུའོ་ཝེ་ཡུའེ་ཕུའུ་ཡིས་“ངས་སྔོན་ཆད་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གོ་མྱོང་ཡོད། དེ་རིང་ནད་བཅོས་ཀྱི་བརྒྱུད་རིམ་དངོས་སུ་ཉམས་ལེན་ཐུབ་པ་ནི་ཧ་ཅང་ངོ་མཚར་ཆེ་བ་ཞིག་འདུག་”ཟེར།
   ཟླ་6པའི་བོད་ལྗོངས་ནི་མིག་གིས་མཐོང་ཚད་མཛེས་ལྗོངས་རེད། ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་རྒྱལ་སྤྱིའི་ཆ་འཕྲིན་པུའི་ལག་བསྟར་རྩོམ་སྒྲིག་པ་ཕུའུ་སྨི་ན་ཡིས་“ང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། བོད་ལྗོངས་ཀྱི་རང་བྱུང་ཡུལ་ལྗོངས་དང་ལྷག་པར་དུ་རི་བོའི་ལྗོངས་ཀྱིས་བག་ཆགས་ཟབ་མོ་བཞག་བྱུང་”ཟེར།
   ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གཞི་ཁྱོན་རགས་ཙམ་ཆགས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་བལ་གྱི་མི་རིགས་ལག་ཤེས་འཁལ་འཐག་མཉམ་ལས་ཁང་ནི་ཁེ་ལས་ཤིག་ཡིན་པ་དང་། དེས་ཆེད་ལས་“རྩེད་ཐེར་”འཁལ་འཐག་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ཐད་ཀར་རམ་གཞན་བརྒྱུད་ཀྱིས་མཐའ་འཁོར་གྱི་མང་ཚོགས་500ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པའི་སྐུལ་ཁྲིད་བྱེད་ཀྱི་ཡོད་པ་རེད། ལས་ཡུལ་དངོས་སུ་ཨུ་རུ་སུའི་སྨྱན་སྦྱོར་གཙོ་བོའི་གསར་འགོད་པའི་ཚོགས་པས་“རྩེད་ཐེར་”བཟོ་བའི་བརྒྱུད་རིམ་ཁྲོད་ཀྱི་བལ་ལེན་པ་དང་། སྤུན་འཁེལ་བ། འཐག་འདྲེན་པ། རྒྱུ་དཀྲི་བ་སོགས་ཀྱི་ལས་རིམ་ལ་ཞིབ་པར་བལྟས་ཏེ་ཉམས་ལེན་བྱས་ནས་མཉམ་ལས་ཁང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གཉིས་ཁེར་བསྔགས་བརྗོད་བྱས་པ་རེད།
    ཨུ་རུ་སུ་ཡོངས་ཀྱི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སིའི་གསར་འགོད་པ་ཕུའུ་ཏུའོ་ཝུན་གྱིས་ཨུ་རུ་སུར་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པར་ང་ཚོར་དཀའ་ངལ་མང་པོ་ཡོད། འོན་ཀྱང་། ཀྲུང་གོར་གནའ་བོའི་ལག་རྩལ་འདི་འདྲ་སྲུང་སྐྱོང་ཡག་པོ་ཐུབ་པ་མཐོང་བྱུང་། དེ་བས་གལ་འགངས་ཆེ་བ་ཞིག་ནི་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པས་འདི་གར་ལས་ཀ་བྱེད་མཁན་རྣམས་ཀྱི་ཡོང་འབབ་ཀྱང་འཕར་ཐུབ་པ་མཐོང་བྱུང་། འདིའི་ཐད་བོད་ལྗོངས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་འདུག་ཟེར།