འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་12ཉིན།

༄༅།།“འབྲུ་འདེབས་ཞིང་པ་ཕྱུག་པོ་ཆགས་པར་བྱེད་དགོས”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་12ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཀུའུ་ཀྲུང་དབྱང་། ཁྲང་ཆིན།
     “ས་ཞིང་མུའུ་གཅིག་ནས་ཡོང་འབབ་ཁེ་གཙང་ཇི་ཙམ་ཡོང་གི་འདུག་གམ”
     འདི་ལོའི་ཟླ་3ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཞེ་ཅཱ་ཕུའུ་གྲོང་རྡལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་མུའུ་ཁྲི་ཡི་ཕྱོགས་བསྡུས་དཔེ་སྟོན་ཡུག་ཁུལ་དུ་ཕེབས་ནས་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་།
     འབྲུ་འདེབས་དུད་ཆེན་ཏའེ་ཧུང་ལ། ན་ནིང་ཞིང་ལས་བྱས་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་55ལྷག་ཙམ་བྱུང་བའི་ཐོག་སྲིད་གཞུང་གིས་ད་དུང་ཁ་གསབ་སྒོར་ཁྲི་7ལྷག་ཙམ་སྤྲད་པ་མཁྱེན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་མཉེས་པོ་བྱུང་ནས“འབྲུ་འདེབས་དུད་ཚང་ལ་གྱོང་གུན་མི་ཕོག་པ་བྱེད་དགོས། དངུལ་རག་ན། གཞི་ནས་འབྲུ་རིགས་འདེབས་པའི་སེམས་ཤུགས་ཆེ་རུ་འགྲོ་ཐུབ”ཅེས་གསུངས།
     འབྲུ་རིགས་ཀྱི་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོན་དེར་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། “ཏང་ཀྲུང་དབྱང་གིས་ང་ཚོ་རྒྱ་ཆེའི་གྲོང་གསེབ་ཞིང་ལས་དེང་རབས་ཅན་གྱི་ལམ་བུར་བསྐྱོད་རྒྱུར་མུ་མཐུད་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། དེའི་ཐད་ཀྱི་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་འདེབས་མཁན་ཕྱུག་པོ་ཆགས་པ་དང་རྒྱ་ཆེའི་ཞིང་པའི་འཚོ་བ་དེ་བས་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་ཏེ་མུ་མཐུད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས”ཞེས་གསུངས།
     འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པར་ཞིང་པ་དུང་ཕྱུར་མང་པོ་ནི་བྱེད་པོ་ཡིན། “སུས་ས་ཞིང་འདེབས་སམ”ཞེས་པ་དེ་ནི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་ངེས་པར་དུ་ལན་འདེབས་དགོས་པའི་གནད་དོན་ཞིག་ཡིན་ལ། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན།
     “ཇི་ལྟར་བྱས་ནས་ཞིང་པའི་ཡོང་འབབ་འཕར་སྣོན་དང་འབྲུ་རིགས་ཐོན་འཕར་དུས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་གཙོ་གནད་ཐོག་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རེད”“ཞིང་པས་འབྲུ་རིགས་འདེབས་འདོད་ཡོད་མེད་དང་འབྲུ་རིགས་ག་ཚོད་འདེབས་མིན་གྱི་འགག་རྩ་དེ་འབྲུ་རིགས་བཏབ་ན་ཞིང་པར་ཕན་པ་ཇི་ཙམ་ཐོབ་མིན་ལ་ལྟ་དགོས”ཞིང་ནང་དང་མུ་ཁར་ཞིང་ལས་སྐོར་གྱི་མ་གནས་བཀའ་འདྲི་གནང་བ་དང་ཞིང་པའི་ཁྱིམ་དུ་ཕེབས་ནས་ཐོན་འབབ་གང་འདྲ་ཡོད་མེད་བཀའ་འདྲི་ཞིབ་ཚགས་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལ་བརྩེ་སེམས་ཟབ་མོ་བཅངས་གནང་བ་མཚོན་ཐུབ། སྐོམ་པ་ཆུ་འདོད་ལྟར་གྱི་ཞིང་ཕྱུག་སྲིད་ཇུས་དང་བྱེད་ཐབས་རེ་རེ་ལག་བསྟར་བྱས་པར་བརྟེན་རྒྱ་ཆེའི་ཞིང་པ་ཚོས་འབྲུ་རིགས་བཏབ་པའི་ཁེ་བཟང་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
     སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱས་ཏེ་འབྲུ་འདེབས་ཞིང་པར་གྱོང་གུན་མི་ཕོག་པ་བྱེད་དགོས།
     “ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བ་དང་འབྲུ་འདེབས་ཞིང་པར་ཡོང་འབབ་རག་པ་དང་ཕན་པ་ཐོབ་པར་བྱས་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་པོ་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་2022ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར་ཐའེ་ཧོ་རྫོང་ཀྲང་ཧུའེ་གྲོང་ཚོའི་ཞིང་པ་ཞུས་ཚུང་ཞང་ལ་འཕྲིན་ལན་སྤྲིངས་ནས་དེ་ལྟར་གསུངས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བ་ཚང་མ་ནི་ཞིང་པས་རེ་སྒུག་བྱེད་པ་ཤ་སྟག་ཡིན་པ་སྟེ། “ཐོག་མཐའ་བར་གསུམ་དུ་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱེད་དགོས” “འབྲུ་འདེབས་ཞིང་པའི་ཁ་གསབ་བརྟན་པོ་ཡོང་བ་དང་མང་དུ་གཏོང་དགོས” “འབྲུ་འདེབས་ཞིང་པར་དཔལ་འབྱོར་ཐད་གྱོང་གུན་མི་ཕོག་པ་བྱེད་དགོས”པ་སོགས་རེད།
     དུས་རབས་གསར་པར་རང་རྒྱལ་གྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཆུ་འབྲས་དང་གྲོ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་ཆུ་འབྲས་ལ་ཁ་གསབ་དང་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱེད་པ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་འབྲུ་རིགས་གཙོ་བོ་ཆེན་པོ་གསུམ་གྱི་ཐོན་སྐྱེད་མ་གནས་དང་ཡོང་འབབ་འགན་བཅོལ་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད།
     ཞུས་ཚུང་ཞང་གི་བབ་ཆགས་པའི་སྐད་ཆ་དེས་རྒྱ་ཆེའི་ཞིང་པ་ཚོའི་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་མཚོན་ཡོད་དེ། “འབྲུ་འདེབས་ཁ་གསབ་དང་། ཉོ་སྒྲུབ་རིན་གོང་དམའ་ཤོས། ཞིང་ལས་རྒྱུ་ཆའི་ཁ་གསབ་བཅས་ཏང་གི་ཞིང་ཕན་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན་ཡུལ་མི་ཚོའི་འབྲུ་འདེབས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད།
     ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་བཏབ་སྟེ་འབྲུ་འདེབས་ཞིང་པར་ཁེ་བཟང་དེ་བས་མང་བ་ཐོབ་པར་བྱེད་དགོས།
     2022ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚ་གདུག་ལ་མ་འཛེམས་པར། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཡུང་ཧྥེང་གྲོང་ཚོའི་ཆུ་འབྲས་ཀྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པའི་ཚོད་ལྟའི་རྟེན་གཞིར་ཕེབས། གྲོང་ཚོས་ཞིང་པ་སྒྲིག་འཛུགས་བྱས་ནས་སོན་བཟང་དང་སྔོན་ཐོན་ལག་རྩལ་སྤྱད་རྗེས་མུའུ་རེ་ནས་ཆུ་འབྲས་ཐོན་འབབ་མཐོ་ཤོས་ལ་སྤྱི་རྒྱ་900ལྷག་ཙམ་ཟིན་པ་མཁྱེན་རྗེས་སྤྱི་ཁྱབ་ཧྲུའུ་ཅིས“ཡག་པོ་འདུག”ཅེས་བསྔགས་བརྗོད་གནང་བ་རེད།
     “ཞིང་པ་ཚོས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་ལག་རྩལ་ཡག་ཤོས་ལ་བརྟེན་ནས་འབྲུ་རིགས་ཡག་ཤོས་འདེབས་དགོས” “སོན་བཟང་དང་། གོ་སྐབས་བཟང་པོ། བྱེད་ཐབས་བཟང་པོ་བཅས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་ཞིབ་རྨོ་ཞིབ་འདེབས་ཐད་འབད་བརྩོན་བྱས་ཏེ་འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས”སོགས་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་ཟབ་མོ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་དོན་འཁྱོལ་བྱུང་ཡོད།
     ཞིང་ལས་འཕྲུལ་ཆས་དང་། སོན་བཟང་། ཞིང་འདེབས་བྱེད་ཐབས་བཟང་པོ་བཅས་ཀྱིས་ཞིང་ལས་ལ་ལོ་ལེགས་ཡོང་བར་གསོན་ཤུགས་སྦྱིན་ཡོད། མིག་སྔར། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་ཕུལ་ཚད་63%ལས་བརྒལ་བ་མ་ཟད། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁེབས་ཚད་96%ཡན་དང་ཞིང་ལས་སྐྱེ་དངོས་རྨོ་འདེབས་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་74%ཟིན་ནས་ཞིང་པ་དེ་བས་མང་བས་རིག་ནུས་ལ་བརྟེན་ནས་ས་ཞིང་འདེབས་བཞིན་ཡོད།
     གཉེར་སྐྱོང་འབབ་འཕར་ལ་བརྟེན་ནས་ཞིང་པ་ཚོས་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་ཡག་པོ་འདེབས་དགོས།
     2016ལོའི་ཟླ་5ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧེ་ལུང་ཅང་ཕུའུ་ཡོན་ཅིའུ་ཁྲེང་ཆུ་འབྲས་འདེབས་འཛུགས་མཉམ་ལས་ཁང་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས། ཡུལ་མི་ཚོ་མཉམ་ལས་ཁང་ནང་ཧུར་ཐག་ཞུགས་པ་དང་ཧྲེ་ཡོན་ལིའུ་ཡན་ཧུའེ་ཡི་ལོ་གཅིག་གི་ཁྱིམ་ཚང་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་པ་མཁྱེན་སྐབས། སྤྱི་ཁྱབ་ཧྲུའུ་ཅིས“ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་ཞིང་དུད་ལ་འབབ་འཕར་ཡོང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན”ཞེས་གསུངས།
     “གཙོ་བོ་ས་ཞིང་ཇི་ལྟར་འདེབས་པ་ཐག་གཅོད་ཡག་པོ་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཞིང་ལས་གཉེར་སྐྱོང་མ་ལག་གསར་པ་མགྱོགས་མྱུར་སྐྲུན་དགོས”“འབྲུ་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་གསར་གཏོད་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་མ་རྩ་གྲོན་ཆུང་དང་འབབ་འཕར་ཡོང་བ་བྱེད་དགོས” ས་ཕྱོགས་གང་དུ་ཕེབས་རིམ་བཞིན་དམངས་ཀྱི་འབོད་སྒྲ་གསན་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་ཡོད།
     རྒྱལ་ཡོངས་ཀྱི་འབྲུ་འདེབས་ཆེད་ལས་མཉམ་ལས་ཁང་ཁྲི་54.2དང་། འབྲུ་འདེབས་ཁྱིམ་ཚང་ཞིང་ར་ཁྲི་176.5 རྫོང་རིམ་པ་དང་དེ་ཡན་གྱི་སྣེ་འདྲེན་ཁེ་ལས་ཁྲི་9ལྷག་ཙམ་བཅས་ཀྱིས་ཞིང་པར་སྣེ་ཁྲིད་བྱས་ནས་ལས་དོན་སྒྲུབ་པ་དང་ཡོང་འབབ་འཕར་བ་བྱས་ཡོད། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཁྲི་107ལྷག་ཙམ་གྱིས་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་པས“འབྲུ་མཛོད་ཆེན་པོ”དེ“ཐབ་ཚང་ཆེན་པོར”གྱུར་ནས་འབྲུ་འདེབས་ཞིང་པ་དེ་བས་མང་བའི་སེམས་ཤུགས་འཕེལ་ཡོད།
     འབྲུ་འདེབས་ཞིང་པར་ཡོང་འབབ་འཕར་བ་བྱེད་པ་དང་འབྲུ་རིགས་ཐོན་སྐྱེད་བྱས་ཚེ། གཞི་ནས་འཚོ་བ་འགན་ལེན་ཡོང་ཐུབ། “ཞིང་པ་ཕྱུག་འགྱུར་དང་། ཞིང་པའི་ལག་རྩལ་མཐོར་འདེགས། ཞིང་པར་རོགས་སྐྱོར་བཅས་བྱས་ནས་ཞིང་ལས་གཉེར་སྐྱོང་ལ་ཕན་འབྲས་ཐོན་པ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་ཞིང་པ་དུང་ཕྱུར་མང་པོའི་སེམས་ལ་དྲོ་སྐྱིད་སྦྱིན།
     (པ་སངས་དང་ཚེ་ཁོས་ཞུས)