འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་12ཉིན།

༄༅།།བོད་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་འགུལ་ནུས་གསར་པ་མགྱོགས་མྱུར་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་12ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དཔལ་འབྱོར་ཉིན་རེའི་ཚགས་པར་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོའི་དུས་ཚིགས་དང་པོར་བོད་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་21.78ཟིན་པ་དེ་དུས་མཚུངས་ལས་216.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།
   ཉེ་བའི་ལོ་ཤས་རིང་བོད་ཀྱིས་ས་བབ་དང་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་མཐུད་འདོན་སྤེལ་བྱས་ནས་སྒོ་དབྱེའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྒོ་དབྱེའི་ལས་སྟེགས་སྐྲུན་པ། ཕྱི་ཕྱོགས་ཚོང་དོན་གྱི་འགུལ་ཤུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད།
    ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ལྗིད་ཐེག་རླངས་འཁོར་ཆེ་གྲས་རེ་རེ་བཞིན་ཞིབ་བཤེར་བྱེད་པར་སྒུག་བཞིན་ཡོད་པ་རེད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་འདི་ནི་སྒོ་ཁྲལ་སྡོམ་པའི་འཁོར་སྐྱོད་ལོ་གཅིག་བྱས་ཚུན། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས“སྤ་སེ་གཅིག་ལ་རླངས་འཁོར་མང་བའི”ལས་སྒོ་གཉེར་ཐེངས་དང་པོ་ཞིག་རེད། ཟླ་4ཚེས་1ཉིན་བར་རིམ་རྩིས་བྱས་ན་ཁུལ་དུ་སླེབས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་540ཡོད་པ་དང་སྤྱིའི་ཚོང་ཟོག་རིན་ཐང་སྒོར་ཁྲི་7696.1ཟིན་ཡོད། དེའི་ནང་ནས་རླངས་འཁོར་300ལྷག་ཙམ་བདེ་བླག་ངང་ཁུལ་ནས་ཕྱིར་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
    བོད་ཀྱིས་ད་དུང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་སྐམ་སའི་གྲུ་ཁ་འཛུགས་སྐྲུན་མགྱོགས་མྱུར་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་དུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ཚ་ཚ་འུར་འུར་བྱེད་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྤྱི་ཝང་ཧྥང་ཧུང་གིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ས་བབ་ཀྱི་ལེགས་ཆ་དེ་སྒོ་དབྱེའི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་རྒྱུ་ཡིན་ཞེས་བརྗོད་པ་རེད།
    ཕྱི་ཕྱོགས་ཉོ་ཚོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྷ་སའི་འགག་སྒོས“འགག་སྒོའི་ཀོན་ཀྲང་གིས་སྒོ་འགྲམ་དུ་སྲིད་ཇུས་སྒྲོག་འགྲེལ”བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཕྱིར་གཏོང་གི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་བཞིན་ཡོད། ལྷ་ས་འགག་སྒོའི་ཁོངས་གཏོགས་ཀྱི་བར་སྐོར་འགག་སྒོ་ལས་ཁུངས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆར་དམ་པོ་དམིགས་ཏེ་ཁེ་ལས་ཀྱིས《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཚོང་དོན་ཆོད་ཡིག་གི་ཐོན་ཡུལ་ཐོག་མའི་དཔང་ཡིག》རེ་ཞུ་བྱེད་རོགས་བྱས་ཡོད། ན་ནིང་འགག་སྒོ་དེས་ཁེ་ལས་ལ《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཚོང་དོན་ཆོད་ཡིག་གི་ཐོན་ཡུལ་ཐོག་མའི་དཔང་ཡིག》ཁག་26ལ་ཆོག་མཆན་བཀོད་ནས་སྤྲད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ཀྱིས་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དུས་བབ་ལ་ཞབས་འདེགས་ཞུ་དགོས་ན་སྒོ་དབྱེའི་ས་ཁོངས་རྒྱ་ཆེར་གཏོང་བ་དང་། ཚོང་དོན་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། འགག་སྒོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱི་ཕྱོགས་ལ་སྒོ་དབྱེའི་སྲིད་ཇུས་སྡེབ་གཅིག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་འབྲེལ། ཆེད་དོན་སྲིད་ཇུས་བཏོན་ཏེ་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་དང་ལྷག་པར་དུ་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་འདི་ལོའི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་10%ཡན་འཕར་བའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།