འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་11ཉིན།

༄༅།།ཧྲང་ཧའེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་11ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧྲི་ཨན། ཧོང་ཞའོ་ཧུའེ།
     ཧྲང་ཧའེ་ཀྲང་ཅང་འཕྲུལ་མིའི་ལས་སྒྲུབ་ཁང་གི་རིག་ནུས་འཕྲུལ་མིའི་ཚོད་ལྟ་ཁང་དུ་མགྱོགས་པོ་འགྲོ་ཐུབ་པ་དང་བདེ་ལྕག་འཁྱུག་པོས་འགལ་རྐྱེན་ལས་གཡོལ་ཐུབ་པའི་འཕྲུལ་མིར་སླར་ཡང་ནུས་པ་གསར་པ་ཞིག་བསྣན་པ་སྟེ། རིག་ནུས་འཕྲུལ་མིའི་དཔུང་པ་གཉིས་ཐོགས་པ་མེད་པར་གཡུག་ཐུབ་པ་མ་ཟད། ད་དུང་ཡུལ་ལྗོངས་དབྱེ་འབྱེད་དང་སློབ་སྦྱོང་གི་ནུས་པ་ལྡན་པས་འབྱུང་འགྱུར་ལས་རིགས་མང་པོ་ཞིག་ཏུ་བཀོལ་སྤྱོད་ཐུབ་རེ་ཡོད་པ་རེད།
     “སྔོན་མ་ལག་རྩལ་གསར་གཏོད་བྱེད་དགོས་ན། ཉུང་མཐར་ཡང་ལོ་3ནས་5བར་འགོར་གྱི་ཡོད། ད་ཆ། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོར་བརྟེན་ནས་སྦྱོང་བརྡར་བྱས་པར་བརྟེན་ལོ་ཕྱེད་ལས་འགོར་གྱི་མེད”ཅེས་ཧྲང་ཧའེ་ཧྥུའུ་ལི་ཡེ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་གསར་གཏོད་པ་ཀུའུ་ཅེ་ཡིས་བཤད། ཀུང་སིའི་ཚོད་ལྟ་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་བདེ་ཐང་སླར་གསོའི་འཕྲུལ་མིས་སྨན་བཅོས་སྒྲིག་གཞི་2000ལྷག་ཙམ་ལ་ཞབས་འདེགས་ཞུ་བཞིན་ཡོད།
     ཀྲང་ཅང་གི་འགྱུར་ལྡོག་སྐོར་གླེང་སྐབས་དེ་གར་ལས་གཏོད་ལོ་མང་བྱས་པའི་ཀུའུ་ཅེ་ཡིས“རྒྱལ་སྒྲོལ་ཁེ་ལས་དང་གསར་གཏོད་ཀུང་སི་དེ་བས་མང་བ་ཀྲང་ཅང་དུ་གཞི་ཚུགས་པས། ང་ཚོས་རིགས་ཁག་གི་ཤེས་ལྡན་པ་དང་། ཁེ་ལས། བཀོལ་སྤྱོད་བྱེད་ས་སོགས་འཚོལ་བར་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད”ཅེས་བཤད།
     2014ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་ཧྲང་ཧའེ་ཡིས“ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་རྒྱལ་ཡོངས་དང་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཕྱོགས་སུ་མགྱོགས་མྱུར་དཔུང་འཇུག་བྱེད་དགོས”ཞེས་བླང་བྱ་བཏོན་ཡོད། ཧྲང་ཧའེ་ཡི་འཕེལ་རྒྱས་ཀྱི་ངེས་གནས་དེ་རྒྱལ་སྤྱིའི་དཔལ་འབྱོར་དང་། དངུལ་རྩ། ཚོང་དོན། མཚོ་ཐོག་སྐྱེལ་འདྲེན་བཅས་ཀྱི“ལྟེ་གནས་བཞི”ནས“ལྟེ་གནས་ལྔ”བར་རྒྱ་ཆེར་ཕྱིན་ཡོད། 2023ལོའི་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རྩལ་དང་། སློབ་གསོ། ཤེས་ལྡན་པ་བཅས་ཀྱི་འཐབ་ཇུས་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། དེའི་ཐད་ཧྲང་ཧའེ་ཡིས་སྣེ་ཡག་པོ་ཁྲིད་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་དགོས”ཞེས་གསུངས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད་ཧྲང་ཧའེ་ཡིས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་ཀྱི་ནུས་པར་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ་དང་ཚན་རྩལ་གསར་གཏོད་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན་ཚན་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་གསར་གཏོད་ཀྱི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་ཕྱིན་ཡོད།
     རྒྱལ་ཐོན་གནམ་གྲུ་ཆེ་གྲས་དང་། རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ མཁའ་དབྱིངས། མཚོ་འཇིངས་སོགས་ཚན་རྩལ་གྱི་ཚད་བརྒལ་གལ་ཆེན་བསྟུད་མར་མངོན་འགྱུར་བྱུང་བ་དང་། ཁེ་ལུང་སྤྲེའུ་སོགས་ཐོག་མའི་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་བསྟུད་མར་གསར་པ་བཏོད་ཡོད། ཧྲང་ཧའེ་ཡི་མི་འབོར་ཁྲི་རེར་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དབང་ཚད་50.2བར་འཕར་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཧྲང་ཧའེ་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི“སྒྲོམ་གཞི་འཛུགས་པའི”ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བས“ནུས་པ་སྟོབས་ཆེན”གྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད།
     ཟླ་5ཚེས་15ཉིན་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྣམ་གྲངས་ཏེ། ཧྲང་ཧའེ་འོད་ཁུངས་ལམ་ཐིག་ས་ཚིགས་ཀྱི་ལས་གྲྭ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་དངོས་སུ་སྤྱོད་འགོ་ཚུགས་རྗེས་ཧྲང་ཧའེ་འོད་ཁུངས་ཀྱི་ཚོད་ལྟའི་ཞིབ་འཇུག་གི་ནུས་པ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུ་རེད། “ཧྲང་ཧའེ་ཡི་འོད་ཁུངས་ནི‘ཚན་ཞིབ་ཀྱི་གནམ་ཐང་གྲུ་གཟིངས’དང་འདྲ་བར་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་རྩེ་གྲ་དང་ཕུལ་བྱུང་ཚོགས་པ་ཁག་གཅིག་འདུས་ཡོད། མིག་སྔར། ང་ཚོས་འོད་ཁུངས་སྒྲིག་ཆས་གསར་པར་གྲ་སྒྲིག་ཞིབ་འཇུག་བྱས་ནས་དེ་བས་གསལ་ཞིང་ནུས་པ་ཆེ་བའི་འོད་ནུས་འཚོལ་ཞིབ་བྱེད་བཞིན་ཡོད”ཅེས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཧྲང་ཧའེ་འོད་ཁུངས་ཚན་རིག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཀྲེན་ཐང་གིས་བཤད།
     སྒུལ་ཤུགས་ནི་སྒྱུར་བཅོས་ལས་བྱུང་བ་ཞིག་ཡིན། 2023ལོར“ཚན་རྩལ་གསར་གཏོད་དོན་ཚན་ཁག་22”དང“ཚན་རྩལ་སྒྱུར་བཅོས་དོན་ཚན་ཁག་25”ཡི་རྨང་གཞིའི་ཐོག་ཧྲང་ཧའེ་ཡིས་མཐོ་སློབ་དང་། ཁེ་ལས། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་དང་ཚན་རྩལ་ཤེས་ལྡན་པ་སོགས་གསར་གཏོད་བྱེད་པོས་དོ་ཁུར་བྱེད་པའི་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས“དབང་ཆ་གཤམ་སྤྲོད་ཀྱི་དོན་ཚན་ཁག་18”ཁྱབ་བསྒྲགས་ལག་བསྟར་དང་འགག་རྩའི་གནས་ཚད་བརྒལ་དུ་བྱས་ཏེ་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད།
     “བྱེད་ཐབས་གསར་པས་ཚན་ཞིབ་མི་སྣའི་ལས་ཀའི་བརྩོན་སེམས་ལ་སྐུལ་མ་ཐེབས་པ་དང་དུས་འཁོར་རིང་ལ་མ་འཇོག་བརྟན་པའི་ལམ་སྲོལ་གྱིས་ཚན་ཞིབ་མི་སྣ་ཡིད་རྣལ་དུ་ཕབ་ཐུབ་པ་བྱུང་བ་མ་ཟད། ཡུན་རིང་ལེགས་སྐྱེས་འབུལ་སེམས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཚན་རིག་ལག་རྩལ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཙེང་ཞའོ་ཆིན་གྱིས་བཤད།
     གསར་གཏོད་ཁོར་ཡུག་བཟང་པོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཤེས་ལྡན་པའི་ཡིད་དབང་བཀུག་ཡོད། མིག་སྔར་ཧྲང་ཧའེ་ཡི་འདུས་གྲུབ་གློག་ལམ་དང་། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས་བཅས་སྣེ་ཁྲིད་ཐོན་ལས་ཆེན་པོ་གསུམ་དུ་ཤེས་ལྡན་པ་ཁྲི་80ལྷག་ཙམ་འདུས་ཡོད། 2023ལོར་ཧྲང་ཧའེ་ཡི་སྣེ་ཁྲིད་ཐོན་ལས་ཆེན་པོ་གསུམ་གྱི་གཞི་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི་1.6ཟིན་པ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ནང་བཟུང་བའི་བསྡུར་ཚད་43.9%བར་མཐོ་རུ་ཕྱིན་ཡོད།
     མིག་སྔར་ཧྲང་ཧའེ་རུ་གསར་གཏོད་ལས་གཏོད་ཀྱི་གཞི་རྟེན་500ལས་བརྒལ་ཡོད་ལ་ཁེ་ལས་དང་ཚོགས་པ་ཁྲི་3ཙམ་དང་མཐོ་གསར་ལག་རྩལ་གྱི་ཁེ་ལས་ཁྲི་2.4ཡན་ཟིན་པ་མ་ཟད། ཀྲང་ཅང་མཐོ་གསར་ཁུལ་དུ་ཆ་སྙོམས་སྤྱི་ལེ་ངོས་གྲུ་རེར་ཁྲོམ་ཞུགས་ཁེ་ལས་རེ་ཡོད་པ་རེད།
     (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)