འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་7ཉིན།

༄༅།།ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་གཉིས་པས་གཤམ་སྐྱོད་
ཀྱི་ལས་འགན་ལེགས་སྒྲུབ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་07ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་1ཉིན་བར་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་གཉིས་པས་གཤམ་སྐྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་རེད། དེ་ཉིན་གྱི་ཆུ་ཚོད་20པའི་བར་ལྟ་བཤེར་ཚོགས་ཆུང་ཁག་ལ་མང་ཚོགས་ཀྱི་ཁ་པར་དང་འཕྲིན་ཡིག་ནས་ཁྱོན་ཐེར་འདོན་ཁག་28860འབྱོར་བ་དང་། གོ་ཆོད་ཀྱི་ཐེར་འདོན་ཁག་24314བདག་སྤྲོད་བྱས་ཤིང་། བསྐྱར་ཟློས་ཀྱི་ཐེར་འདོན་གསེད་བཀྲོལ་དང་ཟླ་སྒྲིལ་བཏང་བ་བརྒྱུད་འབྲེལ་ཡོད་ཞིང་ཆེན་ལ་རིམ་རྩིས་བརྒྱབ་ན་ཐེར་འདོན་ཁག་17825བརྒྱུད་སྤྲོད་བྱས་པ་རེད། འབྲེལ་ཡོད་ཞིང་ཆེན་གྱིས་ཁག་8701བསྒྲུབས་ཟིན་པའམ་ཡང་ན་དུས་རིམ་ལྟར་བསྒྲུབས་ཟིན་ཞིང་། དེའི་ནང་གྱོད་དོན་ཐོ་འགོད་བྱས་ནས་ཚན་པ་1369ལ་ཉེས་ཆད་བཏང་བ་དང་གྱོད་དོན་ཁག་45ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་ཡོད། ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་748ལ་སྐོང་འདྲི་བྱས་པ་དང་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་171ལ་འགན་འཁྲི་བདའ་འདེད་བཏང་བ་རེད།
    ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་གཉིས་པའི་ཚོགས་ཆུང་7ཟླ་5ཚེས་7ནས་9ཉིན་བར་ཧྲང་ཧའེ་དང་། ཀྲེ་ཅང་། ཅང་ཤིས། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཡུན་ནན་བཅས་ཞིང་ཆེན་7ལ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ནས་སྤྱི་འདོམས་ངང་འབབ་རྒྱུད་ལ་ལྟ་བཤེར་དང་ཞིང་ཆེན་མངའ་ཁོངས་ལ་ལྟ་བཤེར་བྱས་པ་རེད།
    ལྟ་བཤེར་ཚོགས་ཆུང་ཁག་གིས་དུས་མཚམས་སྔོན་མའི་ལྟ་བཤེར་ནང་ཁོང་དུ་ཆུད་པའི་གནས་ཚུལ་དང་གནད་དོན་གྱི་ཁུངས་སྣེར་གཞིགས་ནས་གཞི་རིམ་དང་། འཐབ་ས་དང་པོ། ཡུལ་དངོས་བཅས་སུ་ཟབ་ཞུགས་བྱས་ཤིང་། དགོས་པའི་ལས་མི་བྱེད་པ་དང་མི་དགོས་ལས་རྙོག་བཟོ་བ། འགན་མི་འཁུར་བ། མཁྲེགས་སར་མི་གཏུགས་པ། ཐ་ན་ཁྲལ་སེལ་སླ་བཅོས་དང་མི་བདེན་རྫུན་སྒྲིག་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་གཅིག་ཞིབ་བཤེར་ར་སྤྲོད་བྱས་ཤིང་། མིག་སྔར་ཁག་གཉིས་སུ་ཕྱེ་ནས་དཔེ་མཚོན་གྱོད་དཔེ་14ཡོངས་བསྒྲགས་ངང་དམར་འདོན་བྱས་ཡོད། ལྟ་བཤེར་ཚོགས་ཆུང་ཁག་གིས་མང་ཚོགས་ཀྱི་བསམ་འཆར་ཆེ་ལ་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཤམ་སྐྱོད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་དང་། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ཡུལ་དངོས་སུ་འཐེན་བཤེར་བྱས་པ་དང་འབྲེལ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་ཉན་པ་རེད། གཤམ་སྐྱོད་ལས་དོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གནོན་ཤུགས་སྔར་བས་བསལ་བ་མ་ཟད། འཚམས་ལན་སློག་པར་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཡང་ཐོབ་པ་རེད།
   འབྲེལ་ཡོད་ཞིང་ཆེན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་སྤྱི་འདོམས་བྱས་ནས་ལྟ་བཤེར་དག་ཐེར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནད་སྨིན་དང་། ཚན་རིག་དང་མཐུན་པ། བཅའ་ཁྲིམས་གཞིར་བཟུང་བ་བཅས་ཀྱི་སྒོ་ནས་ལྟ་བཤེར་བྱེད་ཀྱིན་དུ་དག་ཐེར་བྱེད་པར་སྐུལ་འདེད་བཏང་ཡོད། འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་བློ་མཐུན་གཙོ་བོས་བླང་བྱ་ཁ་གསལ་འདོན་པ་དང་། ས་གནས་ས་ཐོག་ཏུ་བརྟག་ཞིབ་སྒྲུབ་སྐུལ་བྱེད་པ། ཆེད་དོན་ཚོགས་འདུ་འཚོགས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དག་ཐེར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཁག་གཅིག་ཐག་གཅོད་ཐུབ་པ་དང་། དག་ཐེར་དོན་འཁྱོལ་མ་བྱུང་བ་དང་ཐ་ན་སྦགས་བཙོག་བསྐྱར་ལོག་གི་གནད་དོན་ཁག་གཅིག་ཞིབ་བཤེར་ཐག་གཅོད་ཐུབ་པ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཁག་གཅིག་དུས་ཐོག་ཏུ་ཡོ་བསྲང་ཐུབ་པ་བཅས་བྱས་ཡོད།