འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་28ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་
གྲངས”ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་28ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོ་ཤེས་རྟོགས་བྱས་ཏེ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ངས་ཁྱེད་ཚོ་ཚང་མའི་འཕྲིན་ཡིག་བཀླགས་རྗེས་ཡིག་འབྲུ་རེ་རེ་ལས་ཚང་མས་ཀྲུང་གོའི་རིག་གནས་ལ་བཅངས་པའི་དགའ་ཞེན་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་རེ་སྒུག་བྱེད་ལུགས་ཚོར་བྱུང་། ལོ་5ཡི་གོང་། ང་དང་ཙུང་ཐུང་མུའུ་ཧན་མོ་ཏེ་མཉམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ལག་བསྟར་བྱེད་འགོ་བཙུགས་པ་ཡིན། ད་ཆ“རྒྱ་ཡིག་སྦྱོང་བ”དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས་ཁྱེད་ཚོ་ལྟ་བུའི་ཀྲུང་གོ་དང་ཨ་རབ་དབར་གྱི་སྤེལ་རེས་ཕོ་ཉ་ཆུང་ཆུང་ཁག་གཅིག་གསོ་སྐྱོང་བྱས་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་།
    ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཚོས་འཕྲིན་ཡིག་ནང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས“ལག་གདང་སྦྲེལ”ནས་ལོ་40ཕྱིན་ཡོད། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ནམ་ཡང་གྲོགས་པོ་བཟང་པོ་ཡིན་པ་དང་ཀྲུང་གོའི་མི་དམངས་ཀྱིས་ཀྱང་ཕུགས་འདུན་གཅིག་མཚུངས་འཆང་རྒྱུའི་རེ་བ་ཡོད་ཅེས་འཁོད་འདུག གཞོན་ནུ་ལོ་ཆུང་གིས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བའི་འབྱུང་འགྱུར་མཚོན་གྱི་ཡོད། ཁྱེད་ཚོ་ཀྲུང་གོར་དོམ་ཁྲར་ལྟ་བ་དང་ལྕགས་རི་རིང་པོ་འཛེག་པར་ཡོང་ནས་ནར་སོན་རྗེས་ཀྲུང་གོར་སློབ་ཆེན་འགྲིམ་རྒྱུའི་དགའ་བསུ་ཞུ་གི་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་དེ་བས་མང་བས་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོ་ཤེས་རྟོགས་བྱས་ཏེ་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ། མཛའ་གྲོགས་ཀྱི་ས་བོན་སེམས་ཀྱི་ཞིང་ས་གཤིན་པོར་བཏབ་སྟེ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་དགའ་བསུ་ཡང་ཞུ་གི་ཡིན།
    2019ལོའི་ཟླ་7པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐབས་དེ་དུས་ཀྱི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏེའི་ཐུན་མོང་གི་དཔང་པོའི་འོག་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་གཉིས་པོས་པེ་ཅིང་དུ་དྲན་ཐོར་མཚན་རྟགས་བཀོད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”དངོས་སུ་ལག་བསྟར་འགོ་ཚུགས་པ་རེད། མིག་སྔའི་བར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གྲྭ་171ལ་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་སློབ་མ་ཁྲི་7.1གིས་རྒྱ་ཡིག་སྦྱོང་གི་ཡོད་པ་རེད། ཉེ་ཆར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི“སློབ་གྲྭ་བརྒྱའི་རྣམ་གྲངས”ཀྱི་དཔེ་སྟོན་སློབ་གྲྭ་ཧ་མུའུ་ཏན་སློབ་གྲྭ་དང་ཡཱ་སི་སློབ་གྲྭའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་40ལྷག་ཙམ་གྱིས་ཁག་སོ་སོར་རྒྱ་ཡིག་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཀྲུང་གོའི་རིག་གནས་ལ་ཡིད་སྨོན་དང་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་ཏེ་བློ་རྩ་བརྟན་པོས་ཀྲུང་ཨའི་མཛའ་གྲོགས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱེད་ཀྱི་ཡིན་ཞེས་འཕྲིན་ཡིག་བསྐུར་ཡོད།