འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་25ཉིན།

ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། 

༄༅།།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་
སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་25ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་5ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།
ཟླ་5ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་23ཉིན་གྱི་ཕྱི་དྲོ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་གཏན་འཁེལ་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བརྟན་པོ་འཛུགས་པ། བྱེད་སྟངས་དང་བྱེད་ཐབས་ལ་མཐོང་ཆེན་བཅས་བྱས་ཏེ། ལྟེ་བའི་ལས་འགན་ལེགས་གྲུབ་དང་འཐབ་ཇུས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྒུལ་ཤུགས་སྣོན་དགོས་ཞེས་ནན་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ལིའུ་མིང་ཧྲེང་དང་། ཧྲེན་ཀྲེན་གྲོང་ཁྱེར་གསར་གཏོད་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཙུའོ་ཏིང་། ཨན་ཐཱ་ལུས་རྩལ་མཁོ་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་ཏིང་ཧྲེ་ཀྲུང་། ཀྲེ་ཅང་ཁྲོན་ཧྭ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཤུས་ཀོན་ཅུས། འཇར་མན་གྱི་པོ་ཧྲི(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཤུས་ཏཱ་ཆོན། ཤང་ཀང་ཧྥེང་ཧྲེ་ཚོགས་པའི་ཀྲུའུ་ཞི་ཧྥེང་གོ་ཅིན། པེ་ཅིང་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཀྲོའུ་ཆི་རེན། ཀྲུང་གོ་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧོང་ཧན་ཆོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲང་པིན་སོགས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་འཐུས་མི་9ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། གློག་ཤུགས་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཉེན་ཟོན་མ་འཇོག་འཕེལ་རྒྱས་གཏོང་བ། ཚན་རྩལ་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་མ་རྩའི་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཤང་ཀང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སྒྱུར་བཅོས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་ཆེའི་དཔལ་འབྱོར་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
     གཏམ་བཤད་བྱེད་རིང་ཞི་ཅིན་ཕིང་གིས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། 
     ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་ཐབས་ཇུས་གལ་ཆེན་འདོན་པ་དང་ཡིག་ཆ་གལ་ཆེན་བཟོ་སྐབས་ཚང་མར་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་ནི་རང་རེའི་ཏང་གི་སྔ་ཕྱི་བར་གསུམ་གྱི་བྱེད་སྟངས་དང་སྲོལ་རྒྱུན་བཟང་པོ་ཞིག་རེད། ཚང་མས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་བསམ་འཆར་དང་གྲོས་འགོ་བཏོན་པར་འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། སྒྱུར་བཅོས་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་དེར་གཞིགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ་དང་། དམིགས་ཚད་སྟོན་ཕྱོགས་དང་གནད་དོན་འཛིན་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས། གནད་དོན་ལ་གཞིགས་ནས་སྒྱུར་བཅོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་མེད་པར་བཟོ་བ། རིམ་པ་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཧུར་ཐག་སེལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྒུལ་ཤུགས་ཆེན་པོ་ཟམ་མི་ཆད་པར་སྣོན་པ་དང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་དགོས། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བཟོ་བ། གཞི་ཆེའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་གསར་གཏོད་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་ཀྱི་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ། དཔལ་འབྱོར་གྱི་རྨང་གཞི་བཅས་དེ་བས་ལེགས་པའི་སྒོ་ནས་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ནས་དམ་འཛིན་བྱས་ཏེ་ལག་ལེན་གྱི་གནད་དོན་ཐག་གཅོད་བྱེད་རིང་རིགས་པའི་གཞུང་ལུགས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཞན་དག་གི་སྒྱུར་བཅོས་ཀྱང་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ། སྒྱུར་བཅོས་བྱེད་ཐབས་ཇུས་འགོད་བྱས་ཚེ་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་ཐུབ།
     ཞི་ཅིན་ཕིང་གིས་གསུངས་དོན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པས། སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མཐར་གཏུགས་ནས་བཤད་ན་མི་དམངས་རྣམས་འཚོ་བ་དེ་བས་ཡག་པོ་ཞིག་སྐྱེལ་ཐུབ་ཆེད་རེད། མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་གཞིགས་ནས་སྒྱུར་བཅོས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་དང་། ལས་ཞུགས་དང་། འབབ་འཕར། སློབ་ཞུགས། སྨན་བཅོས། སྡོད་ཁང་། ལས་སྒྲུབ། བུ་བཅོལ་རྒན་གསོ་བཅས་དང་དེ་བཞིན་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སོགས་མི་སེར་གྱི་དཀའ་ངལ་དང་། འཕྲལ་མཁོ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་འཕྱུགས་མེད་འཚོལ་བར་སྣང་ཆེན་དང་། དམངས་འཚོའི་སེམས་ཁྲལ་བྱེད་ས་དང་དམངས་སེམས་གཏད་ཕྱོགས་ཀྱི་སྒྱུར་བཅོས་བྱེད་ཐབས་མང་ཙམ་འདོན་པ་དང་། དམངས་འཚོར་ཕན་པ་དང་། དམངས་སེམས་དྲོས་པ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་ཀྱི་དོན་དངོས་མང་ཙམ་བསྒྲུབས་ཏེ། སྒྱུར་བཅོས་ལས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་བྱེད་པར་གཏོར་དགོས་ལ་འཛུགས་ཀྱང་དགོས་པའི་གནས་ལུགས་དེ་ཤེས་ཚེ་ངལ་བ་ཆུང་ལ་གྲུབ་འབྲས་ཆེ་བ་དང་། གནས་ལུགས་དེ་མ་ཤེས་ཚེ་ངལ་བ་ཆེ་ལ་གྲུབ་འབྲས་ཆུང་བའི་ཁར་ཐ་ན་ཞོར་སྐྱོན་ཐོན་སྲིད། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས་ཤིང་། སྒྱུར་བཅོས་ཇི་ལྟར་བྱས་རུང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་སོགས་རྩ་བའི་བྱེད་ཐབས་ལ་གཡོ་འགུལ་གཏན་ནས་གཏོང་མི་རུང་། དུས་མཚུངས་སུ་གསར་གཏོད་བྱེད་ཕོད་པ་དང་། སྒྱུར་བཅོས་བྱེད་དགོས་རིགས་དང་བྱེད་ཐུབ་རིགས་ཡག་པོ་བྱེད་པ་དང་། གནད་སྨིན་བྱེད་དགོས་ལ་གཏན་འཁེལ་བྱུང་ཚེ་བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱེད་དགོས། སྒྱུར་བཅོས་བྱེད་པར་མ་ལག་འདུས་གྲུབ་ལ་སྔར་བས་མཐོང་ཆེན་བྱས་ཏེ། སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་བསམ་ཕྱོགས་ལ་བརྟེན་ནས་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་བྱེད་ཐབས་ཁག་གི་མཐུན་སྦྱོར་ཆ་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་སྒྱུར་བཅོས་བྱེད་ཐབས་ཁ་ཕྱོགས་གཅིག་མཚུངས་སུ་ཤུགས་རྒྱག་པ་དང་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། རྟ་མགོ་རང་གྱེར་དང་ཕན་ཚུན་འགོག་རྐྱེན་བཟོ་བའི་སྣང་ཚུལ་བཀག་འགོག་དང་ཁྱད་བསད་བཅས་བྱེད་དགོས། སྒྱུར་བཅོས་བྱེད་པར་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་ཀྱང་མཐོང་ཆེན་བྱེད་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཧུར་བརྩོན་དང་རང་འགུལ་བྱེད་དགོས་པ་མ་ཟད། དེ་བས་ཀྱང་གཟབ་བརླིང་ཏན་ཏིག་བྱེད་དགོས་ཤིང་། གོ་རིམ་གསལ་པོ་དང་དུས་ཚོད་དང་ཕན་འབྲས་ཁོང་དུ་ཆུད་པ་བྱས་ཏེ་ནུས་པས་ལྕོགས་ཚོད་བྱེད་པ་ལས་དོན་དངོས་དང་ཁ་འབྲལ་མི་རུང་བ་བཅས་རེད།
     (སྒྱུར་ཞུས་པ་བསོད་བདེ་ཆེ་བ་དང་མཚམས་གཅོད)