འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་10ཉིན།

༄༅།།རླངས་འཁོར་གསར་སྒྱུར་ཐད་ཀྱི་གཏམ་བཟང་ཞིག་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་10ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཡུན་ནན་གྱིས་ཟླ་5ཚེས་9ཉིན《གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེ་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ཞེས་པའི་བརྡ་ཐོ་དཔར་འགྲེམ་བྱས་པ་མ་ཟད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྒྲིག་ཆས་གསར་སྒྱུར་དང་། འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེ་བ། ཚུར་བསྡུའི་འཁོར་སྐྱོད་བེད་སྤྱོད། ཚད་གཞི་མཐོ་རུ་གཏོང་བ་བཅས་བྱ་སྤྱོད་ཆེན་པོ་བཞིར་སྐུལ་འདེད་ཧུར་ཐག་བཏང་བ་རེད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། རླངས་འཁོར་རྙིང་པ་བེད་མེད་ཟུར་འཇོག་ཡིན་པ་མ་ཟད་རླངས་འཁོར་གསར་པ་ཉོ་མཁན་འཛད་སྤྱོད་པར་ཡུན་ནན་ཞིང་ཆེན་གྱིས་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྒོར་7000ནམ་ཡང་ན་10000ཁ་གསབ་སྤྲོད་རྒྱུ་རེད། 
    ཡུན་ནན་ཞིང་ཆེན་ཚོང་དོན་ཐིང་ཏང་ཙུའུ་ཡི་ཁོངས་མི་ཀུའུ་རྨིན་གྱིས་ངོ་སྤྲོད་བྱས་དོན། ད་སྐབས་ཡུན་ནན་ཞིང་ཆེན་འཛད་རྫས་ཁྲོམ་ར“འཕར་ཚད་དུས་རབས”ནས“འཕར་ཚད་དང་གསོག་ཚད་གཅིག་འདུས་ཀྱི་དུས་རབས”སུ་སླེབས་ཡོད། 2023ལོའི་བར་ཡུན་ནན་ཞིང་ཆེན་ཡོངས་ཀྱི་རླངས་འཁོར་ཁྲི་957ཡོད་པའི་ནང་གཞིས་ཆགས་འགྲོ་ལུགས་སྒྲུབ་ནས་ལོ་10ཡན་འགོར་བའི་རླངས་འཁོར་ཁྲི་241ཟིན་ཡོད། 2024ལོར་སྔོན་དཔག་བྱས་ན། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་རླངས་འཁོར་ཁྲི་10ལས་བརྒལ་རྒྱུ་དང་། རླངས་འཁོར་རྙིང་པ་ཉོ་ཚོང་བྱེད་ཚད་10%ཡན་འཕར་རྒྱུ་རེད། 
     “ཡུན་ནན་གྱི་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་། འཛད་སྤྱོད་པས་རྒྱལ་ཡོངས་ཀྱི་རླངས་འཁོར་འཁོར་རྒྱུག་ཆ་འཕྲིན་དོ་དམ་མ་ལག་གི་དྲ་ཚིགས་སམ་ཡང་ན་སྐད་འཕྲིན་ཐོག་གི‘རླངས་འཁོར་རྙིང་པ་གསར་པར་བརྗེ་བའི’བྱ་རིམ་ཆུང་གྲས་སུ་ཞུགས་ནས་ཁ་གསབ་སྲིད་ཇུས་ཤེས་རྟོགས་དང་ཁ་གསབ་རེ་ཞུ་བྱེད་ཆོག འཛད་སྤྱོད་པ་བྱེད་སྒོའི་ནང་ཞུགས་རྒྱུར་སྟབས་བདེ་བཟོ་ཆེད། འགྲོ་ལུགས་ཚང་མ་དྲ་ཐོག་ནས་ལེགས་འགྲུབ་བྱས་ཆོག” ཀུའུ་རྨིན་གྱིས་ཡུན་ནན་ཞིང་ཆེན་ཚོང་དོན་ཐིང་གིས་སྤྱི་བདེ་དང་ཁྲལ་དོན་སོགས་སྡེ་ཁག་དང་མཉམ་འགུལ་བྱས་ནས། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཉོ་ཚོང་དང་། ཐོ་འགོད། གཞིས་ཆགས་འགྲོ་ལུགས་བཅས་བྱེད་བདེ་ཡོང་བ་དང་འབྲེལ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སུ་སྤྱོད་ཆོག་ཅེས་བཤད།